བཀླགས་གྲངས། 760
མཚོ་ཆེན་མ་སྐྱོམ་རི་བོ་མ་འགུལ་བར།།
ས་གཞི་མ་ཁྲོས་གཙང་བོ་མ་བཞུར་བར།།
མཚན་གྱི་ཟླ་དཀར་སྲུང་བའི་དམ་ཚིག་ཅན།།
སྲིད་པའི་མེ་ཏོག་འདི་ཀོ་ཅི་ཞིག་ལགས།།
ཆིག་བགྲོད་ཤེལ་གྱི་གྲུབ་ཆ་རང་བྱུང་དེས།།
བསིལ་འཇམ་རེག་བྱའི་བདེ་བ་ཡོངས་བསྩལ་ཏེ།།
རྒྱུ་སྐར་འབུམ་གྱི་ཁེངས་པ་མི་འགོག་པ།།
སྲིད་པའི་ལྷ་ཟླ་རིག་བྱེད་རྒྱལ་མོར་གསོལ།།
གངས་དཀར་ལངས་ཚོ་བློ་ལྡན་སྨིན་མས་བྲིས།།
ཨུཏྤལ་དཀར་པོའི་ཚོགས་ལ་གཉེན་དུ་སྡེབས།།
མཚན་གྱི་རྒྱལ་མོར་འབོད་པའི་བརྩོན་འགྲུས་ཀྱིས།།
ཁྲ་ཆེམ་སྐར་མ་འབུམ་ཕྲག་པིར་གྱིས་བྲིས།།
རྒྱང་ཐག་གནམ་གྱི་མཐོང་ལ་ཡུན་རིང་བལྟས།།
བར་ཐག་འོད་ཀྱིས་ཁྱབ་པ་སེམས་ཀྱིས་འགྲེལ།།
སྲིད་པའི་གཏམ་གྱི་རི་བོང་འཛིན་པ་ཅན།།
གངས་དཀར་བུ་མོ་སྦྲུམ་མའི་གཟུགས་སུ་བྱོན།།
ཚེས་རེས་ན་ཆུང་ལོ་རྒྱུས་སྐྱོ་སྣང་ཅན།།
སྨག་ནག་དཀར་ནག་སྤྲིན་ལ་གཞའ་ཚུལ་གྱིས།།
ཉ་གང་འོད་ཁ་འཕེལ་བའི་ལོ་རྒྱུས་བྲིས།།
གནམ་གྱི་མེ་ལོང་སྒོར་སྒོར་ཨེ་མ་ཧོ།།
ས་ཡི་གོ་ལའི་ཁྱིམ་གྱི་རྒྱལ་མོ་སྟེ།།
རང་དབང་རང་འཁོར་བརྩེ་བས་གོ་ལ་སྐོར།།
ལྷག་པར་དུས་ཀྱི་མཚན་མོར་འཛུམ་བག་གིས།།
རྟག་ཏུ་བཞད་པ་སེམས་ཀྱི་གཏིང་ལ་ཤར།།
མཐོན་པོ་གངས་རིའི་རྩེ་ན་ཤར་བར་སྣང་།།
དམའ་བ་རྒྱ་མཚོའི་གཏིང་ནས་འཁྲུངས་པར་འཁྲུལ།།
ལྗོན་ཤིང་མེ་ཏོག་རྩྭ་རྩེའི་ཡལ་ག་ནས།།
འོད་གོར་ཟླུམ་པོས་གང་སར་ཁྱབ་པ་མཐོང་།།
ལག་པས་སྙིང་གཟུགས་བྱས་ནས་ཁྱོད་ལ་བལྟས།།
ཚ་གདུག་ངལ་བས་གཟིར་དུས་ཁྱོད་ཉིད་དྲན།།
རྟག་ཏུ་མཚན་མོ་འཆར་བར་རེ་སྣང་གིས།།
ཟླ་བའི་རྟོགས་བརྗོད་སྲིད་པའི་ལྷ་མོར་བྲིས།།
་
་་ ་་་ ་་་ 2023.03.18.མཚན་མོར།