Back To Top

ཚངས་སྲས་འདྲ་བའི་མི་ཡི་སྲས་མོར་བསྟོད་པ་ཆུ་འཛིན་དཀར་པོ།

ཆོན་ཐག་གིས།

བཀླགས་གྲངས། 730

 

ཆུ་འཛིན་དཀར་པོའི་གློག་འཕྲེང་དྲ་བ་ཅན། །
དྲོད་འཇམ་བལ་ལྭ་དཀར་པོའི་སྟོད་ཐུང་ཅན།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །
ནམ་མཁའི་འཇའ་ཚོན་འདྲ་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །
འཛམ་གླིང་བུ་མོའི་དབུས་ན་འཇོ་སྒེག་མཁན།།
རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །
ཡུན་རིང་དྲྭ་གྲོགས་བུ་མོ་ད་ཚུར་བྱོན།།
པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །
མེ་ཏོག་ཞལ་ལ་གཡུ་ཡི་སྦྲང་མའི་མིག།
མཐོན་མཐིང་རལ་བའི་རྩེ་ན་འོད་དཀར་ཅན། །
ནག་སྣུམ་སྐྲ་ལོར་དངུལ་གྱི་སྐྲ་འཆང་ཅན།།
རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །
མཛེས་འཛུམ་ལྷོད་ཀྱིས་བགྲོ་བའི་གསུང་ལྡན་མ།།
ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །
ནམ་ཡང་བདག་ལ་སྐྱིད་པོའི་གླེང་མོལ་སྩོལ།།
རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །
རིག་གནས་ཀུན་ལ་འཇུག་པའི་གཟི་ཡི་མིག།
མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །
མིག་གིས་མཐོང་ན་སྐྱིད་པའི་བརྩེ་དགའ་མ།།
མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །
མ་ཡི་བུ་མོ་ཁྱེད་ཀྱིས་བདག་གི་ངག།
ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །
ངག་འཇམ་བུ་མོ་ཁྱེད་དང་མཚུངས་པར་མཛོད།།
སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །
ཉ་གང་ཟླ་བའི་དཔལ་ལས་ལྷག་པར་མཛེས།།
ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །
ངག་ཀྱལ་གཏམ་གྱི་སྦྱོར་བ་ཟིལ་གྱིས་གནོན།།
ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །
གུ་ཡངས་སེམས་ཀྱི་གཏང་མཐའ་དཔག་དཀའ་བ།།
དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །
ཆུ་འཛིན་བུ་མོའི་ལུས་ངག་ཡིད་ལ་བསྟོད།།

2024.7.1.

2024-07-02 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།