-----བསྟན་འཛིན་གཡང་དཀར།
ཆོན་ཐག་གིས།
བཀླགས་གྲངས། 742
འཕགས་ཡུལ་ལྷོ་མཐའི་མོན་གྷོ་འདོད་རྒུ་གླིང་དུ།།
༧གོང་ས་ཡིད་བཞིན་ནོར་བུའི་ཆིབས་བསྒྱུར་སྐབས་ཤིག།
དགྱེས་བརྩེ་གཟིགས་པ་ཆེན་པོས་མཇལ་ཁ་བསྩལ་ཏེ།།
མིང་གི་དངོས་གྲུབ་གནང་བ་བསྟན་འཛིན་གཡང་དཀར།།
རིམ་གྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ནས།།
ཨང་རྩིས་གཙུག་ལག་རིག་པའི་རབས་འབྱམས་ཐོན་ཏེ།།
གཞིས་ཆགས་མཉམ་འབྲེལ་ལས་དྲུང་རང་འགན་བསྒྲུབས་ནས།།
ཚོགས་སྡེ་ཁག་ལ་ཡིག་བསྒྱུར་རོགས་རམ་གནང་མྱོང་།།
གནའ་དེང་རིག་པའི་གནས་ལ་གཤོག་ཟུང་ཆ་མཉམ།།
ལྷག་བསམ་ཟོལ་མེད་དད་དམ་རི་ཡི་དབང་བོ།།
དམངས་གཙོ་རང་དབང་སྲུང་བའི་དུས་རབས་བུ་མོ།།
བོད་ཀྱི་རང་དབང་ལྷ་མོ་འདི་ཀོ་རྨད་བྱུང་།།
སྐེ་མེད་ལུང་རྟོགས་ལྟ་བུའི་ཉོག་གཏམ་མི་བཤད།།
ལྕེ་མེད་ཨ་ནུ་ལྟ་བུའི་དཀྲུག་ལ་མི་དགའ།།
ཤེས་མེད་ཡེ་ཤེས་འདྲ་བའི་བླུན་པོ་མ་ཡིན།།
གཏམ་གྱི་བདེན་པ་བདར་བའི་ངག་གི་དབང་མོ།།
མདངས་ཉམས་ཚེ་ཆོས་ལྟ་བུའི་མུག་སྐད་མི་འདོན།།
དབུགས་འཚང་རྟམ་ཚེ་འདྲ་བའི་ཆོ་མེད་མི་བདོ།།
སྒྲིག་འཛུགས་བཅའ་ཁྲིམས་རང་ཁྱིམ་ཇི་བཞིན་བརྩི་བའི།།
གཡང་ཁྱིམ་བདག་མོ་ཨ་མ་བསྟན་གཡང་རྒྱལ་ལོ།།
དགྲ་ལ་དགྲ་དང་གཉེན་ལ་གཉེན་དུ་ཤེས་ཤིང་།།
༧ཐམས་ཅད་མཁྱེན་པའི་དགུང་ནའི་བབས་ལ་དཔག་སྟེ།།
ལོ་རྒན་དྲུག་ཅུར་ཕྱག་གིས་གཉོར་སྐྱོང་གནང་བའི།།
བོད་མིའི་སྒྲིག་འཛུགས་སྲུང་ལ་བཀའ་དྲིན་ཆེ་འོ།།
ལུས་ལ་མདོ་ཁམས་བདག་མོས་རྟག་ཏུ་སྲུང་ཞིང་།།
ངག་ལ་དབྱངས་ཀྱི་རྒྱལ་མོས་བདེན་པ་གནང་སྟེ།།
ཡིད་ལ་ཨརྱ་ཏཱ་རེའི་བྱམས་སེམས་ཐོབ་ནས།།
བསམ་དོན་ལྷུན་འགྲུབ་ལོ་བརྒྱར་འཚོ་བར་གྱུར་ཅིག།
་་་་་་2024.09.23.ཉིན། ་་་་ལམ་གྱིས།