Back To Top

བོད་ཀྱི་པར་བ་དང་པར་ཆས་ཐོག་མ།

སྒྲེ་བོས།

བཀླགས་གྲངས། 525

འདིར་བོད་ལ་པར་ཆས་ཐོག་མར་འཁྱེར་ཡོང་མཁན་བོད་པ་ཐོག་མ་སུ་ཡིན་ཐད་གླེང་སློང་ཐུང་ངུ་ཞིག་བྱེད་པར། དེ་ལ་དགོས་པ་གཉིས་ཡོད་དེ། ཕྲན་པར་ལེན་ལས་རིགས་ལ་དང་འདོད་ཨེན་ཙམ་ཡོད་པ་དང་དེའི་སྐོར་གྱི་དཔེ་ཀློག་རེག་ཟིག་ཅིག་དང་། གཉིས་སུ་སོ་སོ་སྒེར་ངོས་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཟུར་བྱེ་བྲག་གིས་འཇུག་འདོད་པས་ཡིན།

དེ་ཡང་ཕྱི་ལོ་༡༩༠༤་ལོར་དབྱིན་བོད་དམག་འཁྲུགས་བྱུང་བ་དང་དེ་འདུམ་འགྲིག་བྱུང་བ་ལ་དབྱིན་བོད་བར་ཐད་ཀར་ཆིངས་ཡིག་ཅིག་བཞག་པ་ཆིངས་ཡིག་དེའི་དོན་ཚན་གཅིག་ནི་ཕྱི་ལོ་༡༩༠༥་ནས་བོད་གཞུང་ནས་དབྱིན་གཞུང་ལ་དམག་གི་གུན་གསབ་དོད་ཟེར་བའི་དབྱིན་སྒོར་ས་ཡ་གཅིག་སྤྲོད་དགོས་པ་དང་། ཕྱི་ལོ་༡༩༠༧་ལོར་དབང་ཕྱུག་རྒྱལ་པོ་ཆིངས་དོན་དངུལ་རྩིས་སྤྲོད་དུ་ཐོག་མར་རྒྱ་གར་ལ་ཕྱིན་པ་དང་། དེ་ག་ནས་འདུག་རིང་ཞོར་ནས་པར་ཆས་དང་པར་ལེན་ལག་ཤེས་ལ་སློབ་སྦྱོང་མགོ་ཐོན་པ་བྱས་རྗེས་ཕྱིར་བོད་ལ་ཐོན་དུས་པར་ཆས་སོགས་མཉམ་འཁྱེར་བྱས། དེ་ནི་ལོ་རྒྱུས་ལྟར་ན་བོད་ཁམས་ལ་ཆེས་ཐོག་མར་བྱུང་བའི་པར་ཆས་དང་པར་ལེན་ལས་རིགས་ཀྱི་འགོ་བཙུགས་པ་ཡིན་འདུག ཡིན་ཡང་། ད་སྔར་དབང་ཕྱུག་རྒྱལ་པོས་བླངས་པའི་པར་ཞིག་མཐོང་སྣང་མ་བྱུང་།

དེ་ལྟར་དབང་ཕྱུག་རྒྱལ་པོས་པར་ཆས་དང་པར་ལེན་ལག་ཤེས་བོད་ལ་ནང་འདྲེན་བྱས་པ་དང་ཕྱིས་སུ་ཁོང་གི་སར་ནས་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་པར་ལེན་ལག་ཤེས་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་ཞིག་གསལ། ཡིན་ཡང་། རིང་པོ་མ་ཐོགས་པར་ཕྱི་ལོ་ལུའུ་ཅུའུན་དམག་གིས་བོད་ལ་སུན་གཙེར་དང་ངང་གིས་སྐུ་ཕྲེང་བཅུ་གསུམ་པ་དང་བཅས་རྡོར་གླིང་དུ་གཡོལ། ཕྱི་ལོ་༡༩༡༢་ལོར་སྐུ་ཕྲེང་བཅུ་གསུམ་པ་ཕྱིར་ལྷ་ལྡན་དུ་ཕེབས་ཐུབ་པ་དང་ཟླ་བཟང་དགྲ་འདུལ་དམག་སྤྱིར་བསྐོས། དེ་ལོའི་བོད་ཟླ་༤་ཚེས་༡་ཉིན་སྐུ་ཕྲེང་བཅུ་གསུམ་པ་ཉེན་གཡོལ་ཕེབས་ཤུལ་ནས། དབང་ཕྱུག་རྒྱལ་པོ་ཕ་བུ་གཉིས་“རྒྱ་མི་དང་འབྲེལ་བ་ཡོད་ཚུལ་ཁག་བསྙད་དེ་ “དབང་ཕྱུག་རྒྱལ་པོའི་སྐེ་བཅད་དེ་དམར་གསོད་བྱས། ཉིན་དེ་ག་རང་ལ་བུ་བསམ་འགྲུབ་ཚེ་རིང་གཡུ་ཐོག་ཟམ་པའི་འགྲམ་ནས་མི་འགས་གྲི་རྩེག་བརྒྱབས་ནས་དམར་གསོད་བྱས། ཆག་སྒོ་དེ་དག་གི་རྐྱེན་བྱས་ཆུང་ས་ནས་བོད་ཀྱི་པར་ལེན་ལས་རིགས་ལའང་འཐུས་ཤོར་ཕྱིན་ཡོད་ངེས།

མུ་མཐུད་ཚ་རོང་ཟླ་བཟང་དགྲ་འདུལ་པར་ཆས་དང་པར་ལེན་ལས་རིགས་ལ་ཧ་ཅང་དབྱིངས་ཆེ་བས་ལས་ཞོར་ནས་པར་ལེན་ལས་རིགས་མཚམས་བཞག་མེད་པ་འདྲ། ཕྱིས་སུ་ཚ་རོང་གི་སྲས་བདུད་འདུལ་རྣམ་རྒྱལ་ཡང་པར་ལེན་ལས་རིགས་ལ་དབྱིངས་ཆེ་བ་མ་ཟད། ཚ་རོང་གི་གཟིམ་ཤག་གི་ཐོག་ཁར་ཆེད་དུ་པར་འཁྲུད་ཁང་ཞིག་སྒོ་ཕྱེ་བ་ཡོད་པ་གསལ། བདུད་འདུལ་རྣམ་རྒྱལ་གྱིས་ཕྱེ་བའི་པར་འཁྲུད་ཁང་དེའི་མིང་ལ་Dark room་ཞེས་དབྱིན་ཡིག་གིས་སྒོ་བྱང་ཅན་དེ་ཕལ་ཆེར་བོད་ཀྱི་པར་འཁྲུད་ཁང་ཐོག་མ་ཡིན་ཡང་སྲིད། ཡིན་ཡང་། སྐབས་དེ་ཡས་མས་སུ་ལྷ་ས་ན་བལ་ཡུལ་གྱི་པར་ཁང་ཞིག་ཡོད་ཚོད་འདུག

རིམ་བཞིན་སྐུ་དྲག་དང་གཟིམ་ཤག་འགས་པར་ལེན་ལག་ཤེས་ལ་དོ་སྣང་དང་པར་ཆས་ཉོ་སྒྲུབ་སོགས་བྱུང་ཚུལ་ལ་བལྟས་ན་དབང་ཕྱུག་རྒྱལ་པོར་བརྒྱུད་དོ་སྣང་ཡོང་བ་ཞིག་ཡིན་པ་དཔོག་ཐུབ། ཕྱིས་སུ་དཔེར་ན་ཀ་ཤོད་པ་ལ་པར་ཆས་ཤིག་ཡོད་པ་དང་ཧོར་ཁང་ལ་ཡང་པར་ཆས་ཤིག་ཡོད་འདུག དེ་བཞིན་དགེ་ཆོས་སྐུ་འདའ་ཁར་གྱི་སྐུ་པར་དེ་ཡང་ཀ་ཤོད་པའི་བུ་དང་ཧོར་ཁང་གཉིས་ནས་སུས་བླངས་མིན་ཐད་ཀྱི་གནས་ཚུལ་བསམས་ན་ཤེས་སླ། སྤྱིར་དགེ་ཆོས་ཕྱི་ལོ་༡༩༥༣་ལོར་གྲོངས་པ་དང་། དབང་ཕྱུག་རྒྱལ་པོས་བོད་ལ་པར་ཆས་ནང་འདྲེན་བྱས་པའི་ལོ་ནི་༡༩༠༨་ལ་འཁེལ་བས་ན་ཏག་ཏག་མི་ལོ་༤༥་ཙམ་འགོར་འདུག་པས་སྔར་དང་བསྡུར་ན་བོད་ལ་རྒྱལ་ཁབ་གཞན་གྱི་མཁོ་དངོས་གང་འཚམ་སླེབས་ཚར་བའི་ཚོད་རེད་སྙམ། ཡིན་ཙ་ན། ཀ་ཤོད་དང་ཧོར་ཁང་ཙམ་མིན་པར་པར་ཆས་སོགས་འཕྲུལ་ཆས་ཡོད་པའི་གཟིམ་ཁང་གཞན་ཡོད་པ་ཨ་ཅང་ཅང་རེད།

ཡང་བོད་ཀྱི་པར་བ་དང་པར་ཆས་ཐོག་མའི་གྲས་སུ་འགྲོ་བ་གཞན་ཞིག་འབྲས་ལྗོངས་རྒྱལ་པོའི་གདུང་རྒྱུད་སུམ་རྩེན་འཇིགས་མེད་དབང་པོ་ཡིན་པ་དང་། ཁོང་ནི་པར་ལེན་དང་གློག་བརྙན་ལས་རིགས་ཐད་ནས་མི་སྣ་འཇོན་ཤོས་ཤིག་ཡིན་འདུག ཁོང་ཕྱི་༡༩༠༨་ལོར་སྐྱེས་པས་ན་ལོ་དེའི་གཡས་གཡོན་ལ་དབང་ཕྱུག་རྒྱལ་པོས་བོད་ལ་པར་ཆས་ནང་འདྲེན་བྱེད་མུས་ཡིན་པས། ཁ་ཅིག་ན་རེད། བོད་ཀྱི་པར་བ་དང་པར་ལེན་ལག་ཤེས་པ་ཐོག་མ་སུམ་རྩེན་འཇིགས་མེད་དབང་པོ་ཡིན་ཞེས་པ་འཁྲུལ་བ་རང་ཡིན་འདུག་མོད་ཐོག་མའི་གྲལ་དུ་འོས། རེད་ཀྱང་། གོང་ཞུས་བཞིན་སུམ་རྩེན་འཇིགས་མེད་དབང་པོས་སྐུ་ཕྲེང་བཅུ་གསུམ་པ་དང་རྒྱལ་ཚབ་ར་སྒྲེང་། རྒྱལ་ཚབ་སྟག་བྲག་དང་ད་ལྟའི་གསེར་ཞལ་བཅས་ལ་སྲི་ཞུ་དང་། ལྷག་ཏུ་པར་ལེན་དང་བརྙན་ལེན་ཐད་ནས་བོད་ཀྱི་ལོ་རྒྱུས་སུ་ཟིན་ཐོ་གསར་པ་བཀོད་འདུག་སྟེ། དེང་དུས་མཐོང་དུ་ཡོད་པའི་གཞུང་འབྲེལ་སྐུ་པར་མང་ཤོས་ཁོང་གིས་བླངས་པ་ཡིན་འདུག

འོ་ན་ཁོང་ལ་པར་ཆས་དང་པར་ལེན་ལ་དོ་དབྱིངས་ཇི་ལྟར་བྱུང་བའི་ཚུལ་ནི། སུམ་རྩེན་འཇིགས་མེད་དབང་པོ་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་བསྐྱོད་བཞིན་པའི་སྐབས་འབྲས་ལྗོངས་དབྱིན་ཇིའི་སྐུ་ཚབ་སར་ཅཱལ་སེ་བྷེལ་གྱིས་གཞེན་སྐུལ་ལྟར། ཕྱི་ལོ་༡༩༢༠་ལོར་ལོ་ན་༡༢་ཡིན་པའི་སུམ་རྩེན་འཇིགས་མེད་དབང་པོ་ཀ་ལིང་པོང་ཧོམ་སེ་སློབ་གྲྭར་བསྐྱོད། རིམ་གྱིས་རྡོ་རྗེ་གླིང་སིཎཏེ་པོལ་དབྱིན་ཇིའི་སློབ་གྲྭ་ལྷགས། དེ་ག་ནས་སློབ་སྦྱོང་བྱེད་མུས་སུ་འབྲས་ལྗོངས་རྒྱལ་ཐོག་བཅུ་གསུམ་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་པར་ཆས་ཤིག་སྐྱེས་སུ་སྩལ་བ་ནས་པར་ལེན་ལས་རིགས་ལ་དོ་དབྱིངས་བྱུང་བ་འདྲ། དེ་ག་ནས་སློབ་མཐར་ཕྱིན་རྗེས་རྒྱལ་རྩེའི་ཕྲེང་རིང་གཞིས་ཀར་ལོག

གང་ལྟར། བོད་སྤྱི་བོའི་ལས་དབང་བཞིན་བོད་ཀྱི་པར་ལེན་ལས་རིགས་རིམ་གྱིས་དུམ་བུ་གཉིས་སུ་གྱེས་ཏེ་སུམ་རྩེན་འཇིགས་མེད་དབང་པོ་ནི་སྐུ་འཁོར་དང་ལྷན་བྱེས་སུ་ཕེབས་ཤིང་། འཚོ་བ་གསར་བའི་ལམ་རིང་མོ་པར་དང་བརྙན་མིག་ཏུ་ཕབ། མཐར་ཕྱི་ལོ་༡༩༩༡་ལོར་ཚེ་ལས་འདས། དེ་བཞིན་ཚ་རོང་སྲས་བདུད་རྒྱལ་རྣམ་རྒྱལ་ཡང་ཕྱི་ལ་ཕེབས་མོད་ཁོང་ནི་དུས་འགྱུར་མ་བྱུང་གོང་གི་ལོ་འགའི་གོང་ནས་ཀ་པོང་དུ་འབྱོར་ཟིན་པ་དང་། དེང་སང་ཁོང་གིས་བླངས་པའི་པར་ལ་བལྟས་ན་ཁོང་གིས་བླངས་པའི་པར་མང་ཤོས་ཁོ་རང་གི་ཁྱིམ་མི་ཡིན་པ་དང་། མ་གཞི་ནས་ཕྱི་ལ་སླེབས་རྗེས་པར་ལེན་ལས་རིགས་ཧ་ལམ་མཚམས་འཇོག་བྱས་པའི་ཚོད་དུ་འདུག་སྙམ།

ད་ནས་བརྩིས་པའི་མི་ལོ་བརྒྱ་ལྷག་འགོར་ཟིན་པའི་བྱུང་རབས་དག་ལ་ཆེ་ལོང་ཙམ་བལྟས་འོང་ན། དབང་ཕྱུག་རྒྱལ་པོ་དང་ཡང་ན་ཚ་རོང་ཞབས་པད་དབང་ཕྱུག་རྒྱལ་པོ་ནི་རྩོད་མེད་ཀྱི་བོད་ཀྱི་པར་བ་ཐོག་མ་དང་བོད་ལ་པར་ཆས་ཐོག་མར་ནང་འདྲེན་བྱེད་མཁན་ཡིན་པ་གོར་མ་ཆག

༡༽ སྲིད་དོན་རྒྱལ་རབས། ཞྭ་སྒབ་པ།
༢༽ རྗེས་སུ་དངུལ་འབོར་ཆག་ཡང་བྱུང་ཡོད།
༣༽ བོད་ཀྱི་བུ་མོ། ཕྲེང་རིང་རིན་ཆེན་སྒྲོལ་མ། ཤོག་ངོས། ༣༦
༤༽ བོད་ཀྱི་བུ་མོ། ཕྲེང་རིང་རིན་ཆེན་སྒྲོལ་མ། ཤོག་ངོས། ༤༧
༥༽ སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་བོད་ཀྱི་ལྷ་སའི་སྣང་ཚུལ་མདོར་བསྡུས། ཚ་རོང་དབྱངས་ཅན་སྒྲོལ་དཀར། ཤོག་ངོས། ༢༢༣
༦༽ སྡེ་དཔོན་མི་དྲག་གི་སྲས་མོ་གཞོན་ནུ་མ་ཞིག་གིས་སྒེའུ་ཁུང་ནས་མཐོང་བའི་བོད་ཀྱི་ལྷ་སའི་སྣང་ཚུལ་མདོར་བསྡུས། ཚ་རོང་དབྱངས་ཅན་སྒྲོལ་དཀར། ཤོག་ངོས། ༡༩༤
༧༽ འབྲས་ལྗོངས་རྒྱལ་སྲས་ཀྱིས་༧་རྒྱལ་བའི་ཞབས་ཞུ་མཛད་པ། ཕྲེང་རིང་བསྟན་འཛིན་ནོར་བུ་རྣམ་རྒྱལ། ཤོག་ངོས། ༡༡

 


2025-06-03 Thank you bro
2025-05-29 སྒྲེ་བོ།
ཧུ་ཧུ
2025-05-25 ལུགས་ལྡོག
རྒན་པོ་ཁྱེད་གཉིས་འདྲ་ཁ་རེད། པར་ལེན་ལ་དགའ་བའི་སེམས་ཁམས་ཀྱང་མཐུན་ན་ཐང་གི། འོན་ཀྱང་། ཁྱོད་གསོད་མཁན་སུ་ཡིན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།