Back To Top

ཕྱིར་སླེབས་པ།

སྒྲེ་བོ། སྒྲུང་ཐུང་།

བཀླགས་གྲངས། 326


བར་ཞིག་ལ་མེ་འཁོར་ཇེ་དལ་ནས་ཇེ་དལ་ལ་བུད་སོང་། ཇ་ཕྲུག་ཀྱང་གཉིད་ལས་སད་དེ་མེ་འཁོར་གྱི་སྒེའུ་ཁུང་ལས་ཕྱི་ལ་བལྟས་པ་ན། ཉི་འོད་རྙིད་པོ་ཞིག་གྲོང་ཁྱེར་གྱི་ཁང་པ་མཐོ་ཤོས་དག་གི་རྩེ་མོར་ཐོགས་པའི་ཚུལ་དུ་འདུག བཟོ་གྲྭ་དག་གི་ཀླད་ནས་གནམ་ལ་ཀ་བ་བཞིན་ལངས་པའི་དུ་ཁུང་དག་གི་ནང་ནས། མཚམས་མི་ཆད་པར་དུ་བ་ལྷོག་ལྷོག་དགོང་ལ་འཕྱུར། ཡང་ཁང་རྩེག་རེ་ཡི་གྱང་ངོས་ཁེབས་པའི་ཁྱབ་བསྒྲགས་ཀྱི་པར་རིས་དང་བརྙན་ཡོལ་ཆེན་པོ་དག་ལ་འོད་མདངས་ཇེ་ཆེ་ཡོང་། དེ་བཞིན་མི་ཚོགས་ཀྱི་རྔམ་ཁ་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ དེའི་དུས་ཏག་ཏག་ས་སྲོད་ཀྱི་ཆུ་ཚོད་དགུ་པ་རེད་ལ་མེ་འཁོར་ནང་ནས་ཧྥ་སྐད་ཀྱིས་ཅི་ཞིག་བཤད་པ་དེ། ད་ནི་རྒྱལ་ས་ལ་འབྱོར་སོང་ཟེར་བ་དང་འདྲ། དེ་རིང་བརྩིས་པའི་ཉིན་བཞི་ལ་ཇ་ཕྲུག་དལ་ལྷོད་ཀྱིས་སྡོད་ཆོག ཟླ་གཅིག་གི་ནང་ནས་ཉིན་བཞི་སོ་སོའི་བཟའ་མི་དང་ལྷན་དུ་བསྐྱལ་ལོང་ཡོད་པ་ནི་གཅེས་སུ་འོས་ལ་རྩིས་ཀྱང་ཆེ་བའི་ཉིན་བཞི་རེད་ཨང་།

ཇ་ཕྲུག་གིས་ལྟོ་ཕད་སྔོན་པོ་དེ་འཁྱེར་ནས་མེ་འཁོར་ལས་སྒོར་བུད། ཁོས་ཁ་པར་དང་ལྟོ་ཕད་ལ་སེམས་འཁུར་འདྲ་ཞིག་བྱེད་བཞིན་མི་ཚོགས་བརྒལ་ནས་འགྲོ། སྔར་ལྟར་ཁོ་རང་འཛིན་བྱང་ཉོ་སའི་རང་འགུལ་འཕྲུལ་ཆས་དེའི་མདུན་དུ་ལངས་ཏེ་གོང་མཛུབ་ཀྱིས་དེའི་འཆར་ངོས་ལ་ཚོད་མནན་བྱས། དེ་ལྟར་འབབ་ཚུགས་འདི་ནས་རང་ཁྱིམ་བར་དུ་འགྲོ་བའི་ས་འོག་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་ལ་མཉམ་སྤྱོད་ཆོག་པའི་འཛིན་བྱང་དེ་ཉོས། དེ་ནས་ཐད་ཀར་ཁྱིམ་ལ་ལོག

ཇ་ཕྲུག་སྤྱི་སྤྱོད་རླངས་འཁོར་ལས་བབས་ཏེ་རང་ཁྱིམ་ལ་སྙེགས། སྒོ་ཁར་སླེབས་འཕྲལ་དྲིལ་བརྡ་མནན། དེ་མུར་ཇ་ཕྲུག་གི་ནག་མོས་སྒོ་ཕྱེས་ནི་དང་”ཆར་བས་སྦངས་སོང་ངམ”ཟེར་བཞིན། ལག་ཕྱིས་སྔོན་པོ་ཞིག་ཇ་ཕྲུག་ལ་སྟེར། ཇ་ཕྲུག་གིས”འོ་ཙི་རེད།”ཟེར། དེ་ལྟར་ཇ་ཕྲུག་དང་ནག་མོ་གཉིས་ཀས་དལ་ལྷོད་ངང་ནུབ་ཟས་ལ་རོལ། བར་དེར་ཇ་ཕྲུག་གིས་”ལྟོ་ཕད་དེ་གང་དུ་འདུག”
“འདི་རེད།”ཟེར་བཞིན་ནག་མོས་ཇ་ཕྲུག་གི་ལས་ཀ་ནས་འཁྱེར་ཡོང་བའི་ལྟོ་ཕད་དེ་ཚུར་ཨེན་ཙམ་འདྲུད།
“དེའི་ནང་ལྟོས་དང་། དེ་ཡག་པོ་ཉོར།”
“ག་ཚོད་ཡོད་རེད།”
“ཁྱོས་རྩིས་དང་།”
“འོ་ཡ། གཅིག གཉིས། གསུམ། བཞི།”ཟེར་བཞིན་དུས་ཚོད་ངེས་ཅན་ཞིག་ལ་བརྩིས་ཏེ།
“གསུམ་སྟོང་ཉིས་བརྒྱ་ཉི་ཤུ་འདུག”ཟེར། ཇ་ཕྲུག་གི་ནག་མོའི་ལག་པའི་སྤར་ནང་ཡུ་སྒོར་ལྔ་བཅུ་ལོར་དང་ཉི་ཤུ་ལོར། བཅུ་ལོར་བཅས་ཤོང་ཐུབ་པ་ཞིག་བཟུང་ཞིང་ངོ་ལ་འཛུམ་ཞིག་ལངས། ཅི་ཞིག་སྨྲ་བསམ་གྱིས་བྲེལ་ཤ་ཞིག་མིག་གི་མཐའ་དང་གཏིང་དུ་མངོན་ཡོང་། ད་ཟས་ཚར་ཟེར་བ་ལྟ་བུའི་ཇ་ཕྲུག་གི་ཡ་མགལ་མ་མགལ་སྣུམ་བག་འཁྱིལ་ལེར་ཁ་པར་ལ་གཡེང་། ཁ་སྣ་མེད་པར་ཁ་པར་དུ་འབྱར་བའི་ཇ་ཕྲུག་གིས་ “དཔལ་སྒྲོན་གཉིད་སོང་ངམ།”ཞེས་དྲིས།
“གཉིད་འདུག”
“སློབ་གྲྭར་འགྲོ་འདོད་ལ་མི་འདོད་མི་བྱེད་དམ།”
“འོ་ཙི་འདུག”
ཇ་ཕྲུག་གིས་ནག་མོའི་རྣམ་འགྱུར་ལ་རྒྱུས་ལོན་ཅི་ཡང་མེད་པར་བུ་མོའི་སྐོར་དྲིས་པས་ནག་མོའི་ཅི་ཞིག་སྨྲ་བསམ་གྱི་བྲེལ་ཤ་ཡུན་ཙམ་འཇགས་མོད། ནག་མོ་ཚུར་ཇ་ཕྲུག་གི་འཁྲིས་ལ་བཅར་ནས་བྱིས་ཚུགས་ཤིག་མངོན་བཞིན་ཇ་ཕྲུག་ལ་ཀུ་རེ་རེ་ཡང་རྩེས། ཇ་ཕྲུག་སྔར་བཞིན་ཁ་པར་ནང་དུ་ཅེར་ནས།
“སྡོད་དང་། བྲེལ་བ་མ་བྱེད་དང་། ཏོག་ཙམ་སྲོན་དང་། ད་རེའི་ཟླ་གཉིས་ལ་བསགས་ཡོད། ཧུ་ཧུ།”
“ཞེད་སྣང་ལ། ངས་བྲེལ་བ་བྱེད་ཀྱི་མེད།” ཟེར་བཞིན་ནག་མོའི་ཁམས་སྡར་ལས་དྭངས་འདུག བར་དེར་ནག་མོས་ཀྱང་ཁ་པར་ག་ཤེད་ནས་བླངས་ཏེ་དེའི་ནང་གི་པར་ཞིག་ཇ་ཕྲུག་ལ་ཆེད་དུ་བསྟན་ནས།
“འདི་ཨེ་ཡག་གི”
“ཡག་གི”ཇ་ཕྲུག་གིས་ནག་མོས་བསྟན་པའི་ཁུག་མའི་པར་དེ་ལ་ལྟ་ཙམ་བྱས་ཏེ་སྔར་བཞིན་ཁོ་རང་གི་ཁ་པར་ནང་དུ་ཅེར། སླར་ཡང་ནག་མོས་ད་སོ་མ་བསྟན་པའི་པར་དེ་དང་འབྲེལ་ནས་”འདི་ཨོ་རྒྱན་གྱིས་བུ་ཁྲིད་ལ་ཉོས་པ་རེད། རྟགས་མ་Gucci་རྒུ་ཆི་རེད”ཟེར།
“རིན་གོང་དུ་རེད། གོང་ཆེན་པོ་ཡིན་རྒྱུ་རེད་སྙམ།”
“ཉིས་སྟོང་རེད་ཟེར། ཡིན་ཡང་། དཔེ་སྙིང་རྗེ་བོ་འདུག”
“བྱས་ན་ཁྱོས་ཀྱང་ཉོ་བསམ་འདུག་མོད།”
“ཧི་ཧི”ཟེར་བཞིན་ནག་མོ་ཡར་ལངས་ཏེ་ཟས་ལྷག་ཡོད་པའི་ཕོར་བ་དང་སྣོད་ཆས་སོགས་བཀྲུ་བཤལ་བྱེད། ཇ་ཕྲུག་ཀྱང་དལ་མོས་ཡར་ལངས་ཏེ་ལུས་འཁྲུད་པའི་གྲབས་གཤོམ། ཇ་ཕྲུག་ཁྲུས་ཁང་ནས་ཕྱིར་ཐོན་དུས་ནག་མོས་མལ་གོས་སྲབ་བུ་ཞིག་གྱོན་ནས་གསང་བ་ཅི་ཞིག་མིག་ལས་ཤོར་ཡོང་། ཇ་ཕྲུག་གིས་”སྲུན་མི་ཐུབ་ན་ད་ཤོག”་ཅེས་ཀུ་རེ་རྩེ་བཞིན་ནག་མོའི་རྒྱབ་ནས་རྐེད་པར་འཐམས་བྱུང་། དེ་མུར་ནག་མོའི་ལུས་སེམས་གཉིས་ལ་ལྷོད་ཆ་ཞིག་བབས་ཏེ་ཇ་ཕྲུག་ལ་འཁྲི་ཞིང་འཁྲི།
དེ་འཕྲལ་ཇ་ཕྲུག་གིས་”ཞྭ་མོ་ལྷག་མ་ཨེ་འདུག”
“མི་ཤེས། ཡིན་ཡང་། ངས་ལྟ།”ཟེར་བཞིན་ནག་མོས་འཐེན་སྒམ་དེའི་ཁ་ཕྱེ་ནས་ཅིག་བཙལ་མོད། “མི་འདུག”་ཟེར། ཇ་ཕྲུག་ནི་སུ་ཞིག་གིས་དེད་པ་བཞིན་”དེ་ན་སྐྱུར་ཞོག འཁོར་ན་འཁོར། དཔལ་སྒྲོན་ལ་རྩེ་རོགས་ཤིག་དགོས་ངེས་རེད”ཟེར་བཞིན་འདོད་པའི་དགའ་མགུར་ཞུགས།

ཕྱི་ཉིན་སྔ་མོ་ཇ་ཕྲུག་སྔར་དང་མི་འདྲ་བར་ཞོགས་ཉལ་སྐྱིད་པོ་ཞིག་གིས་བདེ་བ་ཅན་ལ་བསྐྱལ་འདུག་མོད། ནག་པོ་ལངས་ནས་བུ་མོ་སློབ་གྲྭ་བསྐྱལ་བ་སོགས་ཁྱིམ་ལས་ཙག་ཙིག་ལ་གཡེང་། བུ་མོ་དཔལ་སྒྲོན་ཡོང་ནས་ཇ་ཕྲུག་གི་གདོང་ལ་ཆུང་བའི་ལག་པས་བྱིལ་བྱིལ་བྱེད་བཞིན། “ཨ་ཕ།”ཞེས་འཇམ་བུས་བོས། ཇ་ཕྲུག་གཉིད་སད་ལ་མ་སད་ངང་”ངའི་བུ་མོ། ཡ”ཞེས་དཔལ་སྒྲོན་གྱི་འགྲམ་པར་འོ་ཞིག་བྱས། “ད་ཨ་མའི་མཉམ་དུ་སློབ་གྲྭར་སོང་། ཕྱི་དྲོ་ཨ་ཕ་ལེན་དུ་ཡོང་།”ཞེས་གཅེས་གཅེས་ཀྱིས་བཤད། “ཡ”ཞེས་མགོ་བོ་གཡུགས། སླར་ཡང་བུ་མོ་དཔལ་སྒྲོན་གྱིས”ཨ་ཕ་ཉིན་མ་ག་ཚོད་ལ་གུང་གསེང་རེད།”ཅེས་དྲིས། ནག་མོས་”ཉིན་བཞི་ལ་འདུག་ཆོག་གི་རེད།”ཟེར། དེ་ལྟར་ནག་མོ་དང་དཔལ་སྒྲོན་མ་བུ་གཉིས་ཀས་སྔར་བཞིན་སྲང་ལམ་དང་མི་ཚོགས་བརྒལ་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད།


བར་ཞིག་ལ་ཇ་ཕྲུག་གཉིད་ལས་སད་ཅིང་ཡིད་ལ་ཅི་ཞིག་ཟ་འདོད་སྐྱེས། ཁ་པར་ལག་ཏུ་བླངས་ཏེ་སྐད་འཕྲིན་ལ་བལྟས་པ་ན། མིང་ལ་འབྲོག་མོ་ཞེས་པའི་མཚམས་རེར་ཇ་ཕྲུག་གི་ཨ་མས་སྤྱོད་ཅིང་མཚམས་རེར་ཨ་ཅེས་སྤྱོད་པའི་སྐད་འཕྲིན་དུ་སྐད་རིང་ཐུང་འགའ་བཤད་འདུག ཇ་ཕྲུག་གིས་རེ་རེ་བཞིན་ཉན་རྗེས་ད་ཐེངས་སྐད་འཇོག་མཁན་ནི་ཨ་མ་ཡིན་པ་ཤེས། སྐད་ཆ་དག་ཡི་གེར་ཕབ་པ་གཤམ་གསལ།
“བཀྲ་ཤིས་ཚེ་རིང་། བདེ་མོ། ཤང་གི་འགོ་ཁྲིད་ག་གེ་མོས་ཁ་པར་སླེབས་བྱུང་། ཟླ་རྗེས་མའི་རྒྱ་རྩིས་ཚེས་པ་དྲུག་ལ་ཨ་ཕ་ལ་གཏུག་ཆོག་ཟེར། ང་དང་རིག་སྦོ་གཏུག་གི་འགྲོ་འཆར་ཡིན། དེ་བཞིན། ན་ནིང་རྒྱ་དངུལ་ཁྲི་གཅིག་བསྐྱིས་པ་ད་ཕྱིར་སྤྲོད་རན་འདུག ད་རྒྱུན་དུ་ཁྱོད་ལ་དཀའ་ལས་གཏད་པ་མང་དྲགས་སོང་མོད། ད་ཐེངས་ཡང་དཀའ་ལས་ལ་གཏོད་དགོས་འདུག ད་ལོ་མར་གོང་མེད་པའི་ཐོག་ལ་ཟོག་གོང་ཡང་མི་འདུག ཞི་ལི་ཁ་དྲོ་རྒྱུ།”

འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་གོང་གི་བཀྲ་ཤིས་ཚེ་རིང་ཞེས་པ་ནི་ཇ་ཕྲུག་གི་དངོས་མིང་ཡིན་མོད། ཇ་ཕྲུག་གི་ཨ་མས་ད་གཟོད་ཇ་ཕྲུག་ལ་བཀྲ་ཤིས་ཚེ་རིང་ཞེས་དངོས་མིང་གིས་འབོད་པ་ལས་ཕྱི་ལོག་ན་ཡོད་པའི་ཇ་ཕྲུག་གི་ཕ་ཡུལ་གཅིག་པ་དང་ནག་མོའི་ཕ་ཡུལ་གཅིག་པ་ཀུན་གྱིས་ཇ་ཕྲུག་ཅེས་འབོད། མཚང་མིང་དེ་ཇ་ཕྲུག་ཐོག་མར་བོད་ནས་རྒྱ་གར་ལ་སླེབས་ཏེ་གྲྭ་ས་ལ་འགྲོ་སྐབས། ལོ་སར་ཞིག་ལ་འཁེལ་ཡོད་པ་དང་ཕ་ཡུལ་གཅིག་པའི་གྲྭ་བ་ཡོངས་ཀྱི་མཉམ་དུ་ལོ་སར་བྱེད་བཞིན་ཡོད། ཇ་ཕྲུག་གསར་དུ་སླེབས་དུས་ཁྱོད་སུ་ཚང་གི་རེད་ཅེས་དྲིས་ཚེ། ཇ་ཕྲུག་གིས་ང་མི་བྱང་ཚང་གི་རེད་ཅེས་ལན་བཏབ། མི་བྱང་ཞེས་པ་ཡང་ཇ་ཕྲུག་གི་ཨ་ཕའི་མཚང་མིང་ཡིན་པ་དང་སྐབས་དེའི་དུས་ནས་ཇ་ཕྲུག་གི་ཨ་ཕ་བཙོན་དུ་ཡོད། ཡིན་ཡང་། དེའི་དུས་མི་བྱང་ཞེས་པ་ཨ་ཕའི་མཚང་མིང་ཡིན་པ་ཇ་ཕྲུག་རང་ཉིད་ཀྱིས་ཀྱང་མ་ཤེས། མི་བྱང་གིས་ལོ་རབས་དགུ་ཅུའི་ནང་དོས་སྐྱེལ་རླངས་འཁོར་བསྐོར་བའི་རྒྱ་མི་ཁ་ལོ་བ་མང་པོར་ས་སྟོང་ཞིག་ནས་ཇག་བརྒྱབས་ཡོད་པ་དང་། དེའི་ནང་ནས་ཁ་ལོ་རེ་འགའ་བོད་པ་ཡིན་རབས་འདུག རྗེས་ནས་མི་བྱང་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་། ཁོ་དང་འབྲེལ་བའི་གྱོད་གཞི་མང་པོ་བརྩད་ཆོད་བྱུང་བས་མི་བྱང་ནི་ཉེས་པ་ལྕི་བའི་བཙོན་པའི་གྲལ་དུ་གཏོགས། དེའི་དུས་བཀྲ་ཤིས་ཚེ་རིང་ངམ་ཇ་ཕྲུག་ཧ་ཅང་ལོ་ན་ཕྲ་མོད། མི་བྱང་གི་ཆུང་མ་དང་མོའི་ཕུ་བོ་སོགས་མིན་ན་མི་བྱང་ལ་སྲོག་ཁྲིམས་ཀྱང་འབབ་པའི་ཚོད་ཡིན་རབས་འདུག་ཀྱང་། མི་རྒྱུ་གཉིས་ཀས་ཐབས་ཤེས་ཡོད་རྒུ་བྱས་མཐར་ཚེ་བཙོན་གྱི་ཁྲིམས་ཐག་ལ་བསྒྱུར་ཐུབ་པ་ཡིན་འདུག

རིམ་གྱིས་གྲྭ་ས་ནས་བཀྲ་ཤིས་ཚེ་རིང་ལ་ཇག་ཕྲུག་ཅེས་མཚང་མིང་ངམ་ཀུ་རེའི་འདྲེས་མའི་མིང་ཞིག་ལྐོག་ནས་འབོད། ངང་གིས་བཀྲ་ཤིས་ཚེ་རིང་དང་ན་མཉམ་གྲྭ་ཕྲུག་ཚོས་ཁོའི་ངོ་ལ་བལྟས་ནས་ཇག་ཕྲུག་གམ་ཇ་ཕྲུག་ཅེས་འབོད། མཚང་མིང་དེས་ཁོ་ལ་འབོད་ཐེངས་རེར་བཀྲ་ཤིས་ཚེ་རིང་ཁོང་ཁྲོ་དྲག་ཏུ་ལངས་མོད། ཡུན་དང་ཡུན་གྱིས་བྱ་ཐབས་མེད་པར་ཁོའི་མིང་ལ་ཇག་ཕྲུག་གམ་ཇ་ཕྲུག་ཅེས་ངང་ངམ་ཤུགས་ཀྱིས་ཐོགས་སོང་། ཡིན་ཡང་། ཁོ་ལ་ཇག་ཕྲུག་གམ་ཇ་ཕྲུག་ཅེས་འབོད་མཁན་ཡོངས་ཀྱིས་མིང་དེའི་རྒྱབ་ལྗོངས་ཤེས་པའི་ངེས་པ་ཅི་ཡང་མེད། རྗེས་སུ་གཞན་གྱིས་དེ་ལྟར་བོས་ནའང་ཁོ་རང་ཉིད་ཀྱང་སྣང་དོགས་མེད་པ་ཞིག་ལ་གྱུར། ཇ་ཕྲུག་གྲྭ་ཟུར་བྱས་ཤིང་ཕྱི་རྒྱལ་ལ་སླེབས་མོད་ཁོའི་འགྲོ་རོགས་ཚོས་ཁོ་ལ་དེ་ལྟར་བོས་པས་མིང་དེ་ཁོའི་དངོས་མིང་དང་ཁྱད་མེད་པར་གྱུར། གཞན་གྱིས་ཀྱང་མིང་དེ་ཁོའི་དངོས་མིང་དང་དུད་མིང་གང་རུང་ཞིག་ལས་མཚང་མིང་ཡིན་པ་ག་ལ་ཤེས། ཐ་ན་ཁོའི་ནག་མོས་ཀྱང་ཤེས་མེད་གྲང་།

ཇ་ཕྲུག་གིས་ཨ་མས་བསྐུར་བའི་སྐད་ཆ་རྣམས་ཉན་རྗེས། འདང་རྒྱག་དང་བསམ་གཞིགས་སུ་ལྷུང་། དེ་ལྟར་རྒྱའི་ཁྲི་མོན་དུ་ལྷུང་བའི་ཕའི་སྐྱིད་སྡུག ཡུལ་ན་འཁོར་བ་སྐྱོང་བའི་མའི་སྐྱིད་སྡུག ནུབ་ཕྱོགས་ནས་ཞོར་ལས་ལ་འགྲོ་བའི་རང་ཉིད་ཀྱི་སྐྱིད་སྡུག་བཅས་པ་སེམས་སུ་འཁོར། མི་ཚོས་བཤད་པ་བཞིན་ནང་ནིང་ཞིག་ནས་ཇ་ཕྲུག་སྔར་དང་མི་འདྲ་བར་སྨྲ་བ་ཇེ་ཉུང་། བསྟན་བཤིག་གི་སྐད་ཆ་དང་རྩེད་མཚར་ཇེ་ཉུང་རེད་ཟེར། ཁོའི་རོགས་པ་ཞིག་གིས་ད་ལོ་ལོན་པ་རེད་ཟེར་ནས་ཀྱལ་ཀ་བྱེད། ཡང་ལ་ལས་བུ་མོ་དཔལ་སྒྲོན་སྐྱེས་པ་ནས་ཇ་ཕྲུག་ལ་ཨ་ཕ་ཞིག་གི་འགན་དང་བསམ་པ་ཡོད་པ་རེད་ཟེར།

ཡིན་ངོ་མ་ནི་ལོ་སྔ་མར་ཇ་ཕྲུག་གིས་མ་རྒན་ལ་ཁ་པར་ནས་ཁ་བརྡ་ཡུན་རིང་བྱུང་དུས་ཤིག་ལ་མ་རྒན་གྱིས་མི་བྱང་ངམ་ཨ་ཕས་བཙོན་ཁང་ནས་ཇ་ཕྲུག་ལ་བསྐུར་བའི་སྐད་ཆ་དེའི་རྐྱེན་རེད། དེ་དུས་མ་རྒན་བཙོན་ཁང་ལ་མི་བྱང་ལ་གཏུགས་སར་ཕྱིན་ནས་ཕྱིར་ལོག་མ་ཐག་རེད།

སྤྱིར་མི་བྱང་བཙོན་ལ་ཁྲིད་དུས་ཇ་ཕྲུག་ཕལ་ཆེར་ལོ་ན་ལྔ་ཡས་མས་རེད། ཕ་བུ་ཁ་འབྲལ་བའི་དུས་ཚོད་ཀྱི་བཞུར་འགྲོས་ཇི་ཙམ་རིང་ན་དེ་ཙམ་གྱིས་ཇ་ཕྲུག་གི་བྱིས་བློའི་ཡིད་ངོར་རང་གི་ཨ་ཕའི་རྣམ་པ་རབ་རིབ་དང་མག་མོག་ཏུ་གྱུར། སྐད་ཆ་འདི་ནི་ཇ་ཕྲུག་ལ་ལྟོས་ནས་བཤད་པ་ཡིན་མོད། མི་བྱང་བཙོན་ལ་ཁྲིད་དུས་ཇ་ཕྲུག་གི་འོག་ན་བུ་སྤུན་གཉིས་ཏེ། ལོ་གསུམ་ལ་ཉེ་བའི་བུ་ཆུང་ཞིག་དང་ཟླ་འགར་ཟིན་པའི་བྱིས་རློན་ཞིག དེ་བཞིན་ཇ་ཕྲུག་ལས་ལོ་རེ་འགས་ཆེ་བའི་བུ་མོ་གཉིས་འདུག མི་བྱང་མེད་པ་ནས་ནང་སྲིད་ཁྱིམ་ཚང་གི་ལས་དོན་འཐུས་ཤོར་ཇེ་ཆེ་དང་ཕྱི་སྲིད་ཁྱིམ་ཚང་གི་མིང་དོན་ལ་བཙོག་ལྟ་དང་བརྙས་སྨོད་ཀྱི་མི་ཁ་ཇེ་ཆེར་གྱུར། ཚུལ་དེ་ཐ་ན་ཇ་ཕྲུག་མི་སྒེར་གྱིས་རུ་ཁ་ཁྱིམ་མཚེས་ཚུན་ཆད་ནས་ཀྱང་ཡང་ཡང་མྱངས་པའི་ནང་སེམས་ཀྱི་རྨ་ཁ་སྟེ། དེ་ནི་དེང་སང་ངོ་ལ་བལྟས་ནས་ཇག་ཕྲུག་ཅེས་བོས་པ་ལས་ཀྱང་སྡུག་བསྔལ་ཆེ་བ་ཞིག་རེད།

གོང་གི་བཙོན་ནས་བསྐུར་བའི་སྐད་ཆ་དེ་ཡིག་གེར་བྲིས་ན་འདི་འདྲ་ཞིག་སྟེ་”ཁྱོད་ངར་ཐལ། ཁྱོད་ངོ་མ་བཀའ་དྲིན་ཆེ། ང་བཙོན་ལ་ལྷུང་དོན་ཡང་ཁ་གསོ་བའི་ཆེད་ཡིན།” སྐད་ཆ་དེ་ཇ་ཕྲུག་གི་མིག་དང་ཡིད་ཀྱི་བར་དུ་གཟུགས་ཡོད་གཟུགས་མེད་ཀྱིས་ལུས་ཀྱི་ཁྲག་རྩར་འདྲེས་ནས་རྒྱུ། ཇ་ཕྲུག་སྒེའུ་ཁུང་གི་ཁ་གཏད་དུ་ལངས་ཏེ་དུ་སྣེར་མེ་བསྒོས། དུ་བ་རིང་རྔུབ་ཐུང་རྔུབ་ངང་མནོ་བསམ་གཏོང་།


30 /06/25

2025-06-04 ཟླ་དཀར་མཚོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།