སྙན་ངག
བཀླགས་གྲངས། 1131
རྨི་ལམ་ཞིང་གི་ཚིགས་རུས།
མུན་ནག་རླུང་གིས་གསེད་དཀྲོལ་བྱས་པ་ཡིས།།
དུང་ཟླའི་འཛུམ་ཁ་ཆུ་ལ་བྱིངས་ཏེ་ལུས།།
ཟུར་མིག་གཡོན་པོར་གཏད་པའི་བར་ལམ་ནས།།
སེམས་ཀྱི་ཚིགས་རུས་གནམ་གྱི་སྐས་ལ་བཏགས།།
ལོ་ཟླའི་ཟུར་མིག་ཡུག་གིས་གདངས་པ་ཡིས།།
རི་རྩེའི་རླུང་དམར་ནུབ་ཁའི་འོད་ལ་ཆགས།།
མདངས་བརྩེའི་ཉིང་ཁུ་ཕབ་ཀྱིས་བསྙལ་བ་དེ།།
རྐང་པའི་མཛུབ་མོའི་སྣེ་ལ་དལ་གྱིས་བབས།།
འཛུམ་ཁ་གཉོམ་པའི་ཁེར་ལམ་མག་མོག་ལ།།
དགུན་གྱི་གྲང་ངར་གཟེད་པའི་མགོ་བོ་འདིས།།
མི་ཚེའི་རིན་ཐང་གཞལ་བའི་སྦྲེལ་ཐག་གི།།
ཕྱིར་མིག་འཇའ་ལམ་མཐུད་མཚམས་ག་ཙམ་ཡོད།།
བཅོས་མའི་དམིགས་རྩེ་རྣོན་པོ་ལྷོ་ལ་བཏབ།།
འཇོ་སྒེག་སྒྱུ་མའི་གོམ་སྟབས་ལྷོ་ལ་འཐེན།།
གཡོ་སྒྱུའི་གློག་གི་དྲ་བ་ལྷོ་ལ་འཁོར།།
མངོན་རྟོག་གར་གྱི་སོར་འཕྲུལ་ལྷོ་ལ་བབས།།
གར་གྱི་སྟངས་སྟབས་བདེ་མོའི་འཕྲུལ་ལ་ཞེན།།
འཚོ་བའི་སྣང་བ་མུན་པའི་ཀློང་ལ་འབྱར།།
དྲན་གདུང་ཟོལ་མའི་ལག་ཟུང་རླུང་ལ་ཐོགས།།
སྟོང་ཁམས་དར་གྱི་འོད་མདངས་ས་ལ་ཐིམ།།
ད་ནི་རེ་བའི་ཞགས་ཐག་གནམ་ལ་དཔྱངས།།
ད་ནི་འཁོར་བའི་ཞེན་ཆགས་གྲིབ་ལ་གཏད།།
ད་ནི་བརྩེ་བའི་མིག་མདངས་རླུང་ལ་གཏོར།།
ད་ནི་བློ་ཡི་ཐོང་ག་མེ་ལ་བསྲེགས།།