Back To Top

ཆང་འདི་སྨྱོ་ཆུ་མ་གསུངས།

 

ཆང་འདི་སྨྱོ་ཆུ་མ་གསུངས། 

 

ཆང་འདི་སྨྱོ་ཆུ་མ་གསུངས།།  ཤེལ་དཀར་ཆང་ཕོར་ནང་གི།།  ཆང་དཀར་བདུད་རྩི་བསིལ་མ།། དཀོན་མཆོག་གསུམ་ལ་མཆོད་དང་།།  ཚེ་དང་བསོད་ནམས་འཕེལ་ཡོང་།། གྲོགས་དང་ན་ཟླར་དྲོངས་དང་།། ཁ་ལས་རླུང་རྟ་དར་ཡོང་།། རང་གིས་འཐུང་ཤེས་བྱོས་དང་།། བློ་དང་རིག་པ་འཛོམས་ཡོང་།། 

         གླུ་འདི་མ་ལེན་མ་གསུངས།། གླུ་དབྱངས་རྣ་བའི་བུ་རམ།། མགྲིན་པའི་ལོངས་སྤྱོད་དྭངས་མ།། དམ་པའི་ཞིང་ལ་ཕུལ་དང་།། ཁ་དགེ་བཀྲ་ཤིས་འཁོར་ཡོང་།། འདུས་ཚོགས་ཁྲོམ་ལ་ཕུལ་དང་།། དགའ་བའི་འཛུམ་ཁ་གྲོལ་ཡོང་།། རང་གིས་ལྷོད་ཀྱིས་ལོངས་དང་།། སྐྱིད་པའི་རྩ་བ་ཚུགས་ཡོང་།།   

         བྲོ་འདི་མ་འཁྲབ་མ་གསུངས།། བྲོ་གཞས་མིག་གི་དགའ་སྟོན།། བྲོ་ར་ཉམས་འགྱུར་རྫོགས་པ།། སྟེང་ཕྱོགས་ལྷ་ལ་ཕུལ་དང་།། དགེ་བའི་སྨོན་ལམ་འགྲུབ་ཡོང་།། ལྷག་དཀར་བྲོ་ཡིས་བསུས་དང་།། རིག་གཞུང་སྲུང་སྟངས་ཤིག་ཡིན།། ཁྲོམ་པའི་དཀྱིལ་ནས་འཁྲོབས་དང་།། བྲོ་ར་སྐྱིད་ཀྱིས་ཁེངས་ཡོང་།། 

          བོད་ཡིག་མ་སློབ་མ་གསུངས།། བོད་མིའི་བླ་སྲོག་ཡིན་པའི།། དབྱངས་གསལ་སོ་བཞི་འདི་ཡིས།། དམ་པའི་ལྷ་ཆོས་བཟུང་ཡོད།། ཕྱི་མའི་ལམ་རྒྱགས་འདི་ཡིན།། འཇིག་རྟེན་མི་ཆོས་བཟུང་ཡོད།། ཞི་བདེའི་རྩ་བ་འདི་ཡིན།། བོད་མིའི་ངོ་བོ་བཟུང་ཡོད།། མི་རིགས་སྲོག་རྩ་འདི་ཡིན།།  

                             ཕྱི་ལོ་ ༢༠༢༣ ཟླ་  ཚེས་  ཉིན།

བཀླགས་གྲངས། 633

2023-09-30 མུ་ཏིག

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།