བཀླགས་གྲངས། 789
སྙན་ངག
འཁྱུག་རིས།
________ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ཟུར་ཀ་ནས་བཏུས་པའི་ཚོར་བའི་གཏམ།
གློག་དམར་ཆེམ་ཆེམ་འཁྱུག་པར་བྲེལ་སེམས་ཀྱང་མ་འཁོར།།
འབྲུག་སྒྲ་ལྡིར་ལྡིར་གྲག་པར་དངངས་སྐྲག་ཀྱང་མ་ཡོང་།།
འོན་ཀྱང་་ལོ་མང་ས་མཐར་ཡུལ་བྱོལ་དུ་བུད་པར།།
བསམ་ཞིང་བསམ་ན་སྐྱོ་བའི་ཤུགས་རིང་འདི་ཤོར་འགྲོ།།
དྲག་ཆར་ཤག་ཤག་བབས་པར་སེམས་ཁྲལ་ཡང་མ་བྱས།།
ཁ་བ་བུ་ཡུག་འཚུབ་པར་འཁང་ར་ཡང་མ་སླེབས།།
འོན་ཀྱང་བརྩེ་ཆེན་མ་ལོར་རྒྱང་ཐག་འདི་རིང་བས།།
སྐྱོ་གདུང་སེམས་ཀྱི་མཆི་མ་སྐམ་ཐབས་ཤིག་མ་རྙེད།།.
སྨུག་སྤྲིན་ལང་ལོང་འཁྲིགས་པར་སྐྱོ་སེམས་ཀྱང་མ་སྐྱེས།།.
གྲང་ལྷགས་འུར་འུར་ལྡིང་བར་ཞེད་བྲེད་ཀྱང་མ་ལངས།།.
འོན་ཀྱང་མི་ཚེའི་རིན་ཐང་འདི་འདྲ་ལས་མེད་པར།།.
རང་གིས་རང་ལ་དོགས་པའི་སྣང་བ་དེ་མི་བཟློག།.
གཞན་གྱིས་ཁྱད་གསོད་བྱས་པར་འཁོན་སེམས་ཀྱང་མ་བྱུང་།།
གཞན་གྱིས་བསྟོད་བསྔགས་བྱས་པར་ང་རྒྱལ་ཡང་མ་སྐྱེས།།
འོན་ཀྱང་གཡོ་སླད་འདྲེས་མའི་ཟློས་གར་དེ་མཐོང་དུས།།
སྐྱོ་སྣང་མིག་ཀོང་འདི་ཡང་མཆི་མ་ཡིས་བསྟིམས་འགྲོ།།
ལོ་ཟླའི་ཞགས་ཐག་རིང་བས་ངལ་དུབ་ཀྱིས་མ་མནར།།
འཚོ་གཞིས་ཁ་སྟབས་སྐྱོ་བོར་ཞེན་པ་ཡང་མ་ལོག། །
འོན་ཀྱང་དྲིན་ལན་ལོག་འཇལ་བྱེད་མཁན་དག་མཐོང་ན།།
ལུས་ཀྱི་ཟུངས་ཁྲག་འཁོལ་མས་བདེ་ལྷིང་ཞིག་མི་སྟེར།།
བོད་པ་ནུབ་ལ་གཤར་བར་ཁ་རྡུང་ཡང་མ་བཏང་།།
བོད་པ་ཤར་ལ་འཚང་བར་ལད་ཟློས་ཀྱང་མ་བྱས།།
འོན་ཀྱང་རང་ཁ་ཙམ་པོ་འཁྱོངས་སོང་གི་རྗེས་ལ།།
བོད་དོན་གཏིང་བརྗེད་མཁན་ཚོར་འཚིག་པ་འདི་ཟ་ཨང་།།
གཞན་སྐད་བཤད་པར་དགོས་མཁོ་མི་འདུག་ཀྱང་མ་བསམ།།
གཞན་ཡིག་བྲིས་པར་རིན་ཐང་མི་འདུག་ཀྱང་མ་དྲན།།
འོན་ཀྱང་རང་གི་སྐད་ཡིག་སྤྱོད་གནོངས་དེ་བྱེད་པར།།
སྙིང་ཆུང་ཁོང་ནས་འཚུབ་པར་བཟོད་སེམས་དེ་དཀའ་བ།།
ད་ནི་འཛིན་ཐག་མེད་པའི་ཚོར་འདུ་ཡི་ཀློང་ནས།།
རང་སྣང་མགྲིན་པའི་སྨྱུ་གུ་ཚོད་མེད་ཀྱིས་འཕྱར་ཏེ།།
གནས་སྣང་གཏམ་གྱི་འཁྱུག་རིས་ཐང་མ་རུ་བརྡལ་བར།།
སུ་ཡིས་ཞེ་ཁྲེལ་གནང་བར་འཐོལ་བཤགས་དེ་མེད་དོ།།
