Back To Top

ཕུན་ཚོགས་གསེར་གྱི་རི་བོ།

མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བྲིས། 

བཀླགས་གྲངས། 342

དགེ་ལེགས་རིན་ཆེན་གསེར་གྱི་སྙེ་མའི་ཕོན།།
ཡོངས་འདུའི་ལམ་གྱི་སྤྲོས་པ་འཕེལ་བའི་ཁར།།
ངོ་མཚར་རིག་ཤེས་བློ་གྲོས་གཡོ་བ་ཅན།།
ཕུན་ཚོགས་གཏེར་བརྒྱའི་གནས་ལ་ཡང་དག་དྲངས།།

རྣམ་དག་ཚུལ་ཁྲིམས་དཔུང་བ་བཙན་པའི་ལམ།།
ཡང་དག་གར་གྱི་སྟངས་སྟབས་གཉན་པོ་ཡིས།།
བློ་ལྡན་དགའ་བ་འབུམ་གྱི་ཉེར་འཚོའི་གཞི།།
དད་སྟོབས་སྙེམས་པའི་དཔྲལ་བ་ཐང་ལ་ཕབ།།

བདེ་དགའི་ལོངས་སྤྱོད་སར་བ་གསར་པའི་ཚོམས།།
ཞེན་ལོག་མཆི་མའི་ཐལ་བའི་བམ་དོང་དུ།།
རིང་ནས་བསྐྱུར་པའི་མངོན་བྱས་ཕུན་ཚོགས་དེ།།
ལྷན་སྐྱེས་ཐུགས་ཀྱི་གཤིས་ལ་རིང་ནས་འབྱམས།།

ཤར་ནུབ་དངོས་རིག་ལམ་བཟང་ཕྲེད་ཀྱིས་བརྟོལ།།
ཕྱི་ནང་ཤེས་བྱའི་གཏེར་བརྒྱ་རྔམ་གྱིས་ཕྱེས།།
ཞི་བ་ཞི་བའི་སྐལ་བཟང་ལེགས་བཤད་སྒྲས།།
བློ་ལྡན་རིགས་པའི་ཁྱེའུ་ཆུང་སྤྲོ་བས་མྱོས།།

ལུང་རིགས་བློ་ཡིས་ཟབ་གསང་ཡུག་གིས་སེལ།།
མ་ལྷད་རིགས་བརྒྱའི་མན་ངག་སྟོབས་ཀྱིས་བསྐྱེད།།
སྣང་སྲིད་བདེན་སྟོབས་ཕུན་ཚོགས་གསར་པའི་སྡེ།།
དཔྱོད་ལྡན་བསྐལ་བའི་སྙིང་པོར་ཡང་དག་བབས།།

བྷོ་ཊའི་ལེགས་བྱང་ལུགས་བཟང་ཉམས་པའི་དུས།།
གང་གི་ཐུགས་རྗེའི་ཀློང་ཡངས་དཀར་པོའི་ངོགས།།
ཆིལ་ཆིལ་འགྲོ་ལ་བསྟབས་པའི་རྗེས་འབྲེལ་དུ།།
མུ་ཏིག་འོད་ཀྱི་ཕུང་པོ་རླབས་སུ་འཁྱིལ།།

སྲི་ཞིའི་གདུགས་དཀར་གཡོ་བའི་བར་གླགས་ནས།།
ཆེ་རྒུའི་སྣང་སྲིད་འདེགས་པའི་མངོན་མཚན་མདངས།།
རྣམ་པར་འཕོས་པའི་བརྩེ་ཆེན་ཐུགས་རྗེའི་དཔུང་།།
དགེ་ལེགས་སྣང་བ་དམ་པའི་དཔལ་དུ་བརྗིད།།

རྩོམ་རྙིང་འདིས་བདག་ཉིད་ཆེན་པོ་མ་ཧཱ་པཎྜི་ཏ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།

2024-11-16 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།