Back To Top

ངར་འཛིན་གྱི་མཆེ་ཁ་ན།

སྙན་ངག

བཀླགས་གྲངས། 824

ངར་འཛིན་གྱི་མཆེ་ཁ་ན། 

ཀ་དག་སེམས་ཀྱི་རང་བཞིན་གཙང་མར་གློ་བུར་དྲི་མས་སྦག་བཙོག་ཐེབས།།
ཁ་ཁར་གྱུར་བའི་ལུས་དང་སེམས་གཉིས་འདི་ནས་གཅིག་བྲན་གཅིག་ནི་གྱུར།།
ག་དུས་ཡིན་ཡང་མཐུན་པར་དཀའ་བའི་ཕྱི་ནང་འཐབ་པའི་གཡུལ་ས་རུ།།
ང་ཡིར་འཛིན་པའི་ཞེན་ཆགས་དམར་བོ་གོ་ཆར་རློམ་པའི་འཁྲུལ་ཤེས་ཤིག།

ཅ་རེ་རང་གི་བདེ་དོན་ཆེད་དུ་དགེ་སྡིག་རི་མོ་ཐོད་ལ་བརྐོས།།
ཆ་རྐྱེན་ཡོད་མེད་གནས་ལུགས་བར་ན་རང་སྣང་སྐྱིད་པའི་གར་ལ་རྩེན།།
ཇ་སྡོང་བཞིན་དུ་འགྱུར་བ་མི་མངའ་རང་གཤིས་གྱོང་བོ་རྡོ་ལས་མཁྲེགས།།
ཉ་ཉོག་གཏམ་དང་སྣ་ཚོགས་ལས་སོགས་བདག་དང་བདག་གི་དོན་དུ་སྤུར།།

ཏ་ཐཱ་ག་ཏའི་བསྟན་པའི་སྙིང་བོ་གཞན་དོན་རྣ་བའི་རྒྱབ་ཏུ་བོར།།

ཐ་ན་རང་གི་ཕ་མའང་བརྗེད་པའི་བདག་འཛིན་མཉམ་བཞག་རྡོག་པོ་ཞིག།

ད་རེའི་དལ་བའི་རྟེན་བཟང་འདི་ནི་སྒེར་དོན་སྐྱོང་བའི་རྒྱུ་རུ་སྨིན།།

ན་ཟུག་ཅིག་གི་ལྐོག་གྱུར་ཟླུམ་པོ་མ་གིའི་དམྱལ་བའི་ཁམས་ལ་བབས།།


པ་སངས་སེམས་ཀྱི་ངོ་བོ་རལ་བ་ངན་སོང་གནས་ཀྱི་བཀོད་པར་འཕྱུར།།
ཕ་རོལ་མུན་པའི་སྒོ་གླེགས་བརྟན་པོ་མགོ་སྐོགས་སྐམ་པོའི་གྲོགས་སུ་བསླངས།།
བ་ལང་རིགས་ཀྱི་འགྲོ་སྟངས་ལོབས་པས་མི་ཚེའི་རིན་ཐང་རྨང་ནས་བརྗེད།།
མ་མོ་བདུད་ཀྱི་ཆོ་འཕྲུལ་ཀློང་ནས་འོད་སྣང་ཞིག་གི་སྣེ་མ་ཟིན།།

ཙ་གེ་ཙི་གེའི་ལས་རེ་བྱས་པ་མི་དགེ་ལས་ཀྱི་ཉེར་ལེན་གྱུར།།
ཚ་གྲང་ལྟོགས་སྐོམ་ཚོར་བས་གླེང་ཚེ་གདོས་བཅས་ལུས་བོ་སྡུག་གིས་གཟིར།།
ཛ་ལང་སྤྱོད་པའི་ཕྱི་ཚུལ་བར་ནས་ཀུན་གྱིས་སྡང་བའི་རྟགས་ཤིག་མཐོང༌།།
ཝ་མོའི་གཡོ་སྒྱུའི་སྡེར་ཁྱིམ་འོག་ནས་རང་དོན་ད་དུང་འཚག་མ་སོང༌།།

ཞ་ལུའི་ལང་ཚོའི་དབང་ཐང་རྒྱས་པ་རང་ལུས་ཕོངས་པའི་འགོང་བོར་འཕུར།།
ཟ་ཟིས་བརྟས་པའི་མི་ཡི་ཁམས་ན་མི་སྐད་སྨྲ་བའི་དགོས་པ་ཟད།།
འ་ལེ་འོ་ལེར་མི་ཚེ་ཕུད་པ་འཇིག་རྟེན་ཞིག་གི་ཉམས་ཉེས་ཉིད།།
ཡ་མ་བརླ་ཡི་འཁོར་བའི་འོབས་སུ་བདག་མེད་རྟོགས་པའི་ཚད་མ་གང༌།།

ར་རོར་གྱུར་ཀྱང་རང་སྲོག་ཆེད་དུ་རང་སྲོག་འབུལ་བའི་མཚན་མ་གཡོ།།
ལ་མོར་གཤིན་རྗེའི་དྲུང་སྒོར་བསུ་བའི་དུས་ཀྱི་ཕོ་ཉའི་རྫིག་ཉམས་མཐོ།།
ཤ་ཁྲག་གདོས་བཅས་ཕུང་བོ་འདི་ནི་སྐྱིད་པའི་མལ་ན་ད་དུང་འཕག།
ས་ཆེན་འདི་ལ་རྡོག་པས་མནན་པའི་དགོས་པ་ཡང་སྙིང་ཅི་ཞིག་ཡིན།།

ཧ་ཅང་དོན་ཆུང་ལས་ཀྱིས་འཛད་པའི་ཟག་བཅས་ཉེར་ལེན་ཕུང་བོ་འདིར།།
ཨ་རོགས་བཙོན་གྱི་ར་བ་འདི་ན་སྐྱིད་ཅིག་ཡོད་མེད་ལེགས་རྟོགས་དང༌།།
ཧ་ལམ་བདེ་བ་ཏོག་ཙམ་མེད་པའི་སྡུག་གི་འཇིག་རྟེན་ཟླུམ་པོ་ཞིག།
ཨ་ཁ་གསོན་པོར་བྲང་ཁོག་གཤགས་པའི་ལས་མཁན་མདུན་ན་ཉམ་རེ་ཆུང༌།།

2023-04-27 ཆབ་བྲག་ཕོ་ཉ
ཀ་རྩོམ་ཟེར་ན་ཨ་ཟེར་བ་ཞིག་གདའ་འོ།།

2023-02-24 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།