Back To Top

སྙིང་གཏམ་སྙིང་གི་འཕར་ལྡིང་།

ཁ་སྒང་བས།

བཀླགས་གྲངས། 771

སྙིང་གཏམ་སྙིང་གི་འཕར་ལྡིང་།

རང་ངོ་ཟིན་པ་ཞིག་བྱེད་ན།།
རང་ལ་རང་ལྕག་རེ་རྒྱག་དགོས།།
རང་དོན་འཁྱོངས་པ་ཞིག་བྱེད་ན།།
གཞན་དོན་གཙིགས་ཆེན་དུ་འཛིན་དགོས།།
རང་མགོ་ཐོན་པ་ཞིག་བྱེད་ན།།
རང་སེམས་གཅུན་པ་དེ་གལ་ཆེ།།
རང་གཤིས་འཆལ་བ་ཞིག་བྱེད་ན།།
རྐྱལ་སྟོང་མགོ་སྟོང་དང་འགྲོགས་དང་།།
རང་ལུས་སྡུག་གྱོང་ལ་སྦྱོར་ན།།
མྱོས་བྱེད་དུག་རྫས་དག་སྤྱོད་ཅིག།
རང་གཞན་གཉིས་བདེ་ཞིག་འདོད་ན།།
མཛའ་མཐུན་ཞི་བདེ་ལས་ལྷག་མེད།།
རང་གི་མི་རིགས་ལ་ཞེན་ན།།
རང་རེའི་ལ་རྒྱ་དེ་འཛིན་དགོས།།
རང་ཡང་ཕོངས་རྐྱེན་ལ་སྦྱོར་ན།།
དུ་ཆང་འཛེམ་མེད་དུ་སྤྱོད་ཅིག།
རང་གི་ཕུགས་བསམ་དེ་འདོད་ན།།
བརྩོན་པའི་རྒྱུན་བཟང་དེ་བསྟེན་དགོས།།
རང་ཚུགས་ཡོད་པ་ཞིག་བྱེད་ན།།
རང་ལུགས་འཛིན་པ་དེ་གལ་ཆེ།།
རང་གཅེས་བསམ་བློ་དེ་འདོར་ན།།
དངོས་པོའི་ཆོས་ཉིད་དེར་དཔྱོད་ཅིག།
རང་རྒྱལ་གཞན་ཕམ་ཞིག་བྱེད་ན།།
གཡོ་སྒྱུ་ཁྲམ་གསུམ་གྱིས་ཆོག་གོ།
རང་ལ་རང་དབང་ཞིག་འདོད་ན།།
འཁོར་བའི་འཆིང་ཐག་དེ་གཅོད་དགོས།།
འདི་ཕྱིའི་ལེགས་ཚོགས་དེ་འདོད་ན།།
སྡིག་སྤོང་དགེ་སྒྲུབ་ལ་འབད་དགོས།།
དམ་པའི་ལྷ་ཆོས་ཤིག་བྱེད་ན།།
ཀུན་སློང་གཙང་མ་ཞིག་ཚུགས་དགོས།།
ལས་དོན་འཁྲུལ་མེད་ཅིག་བྱེད་ན།།
བསམ་བློ་ཞིབ་ཚགས་སུ་གཏོང་དགོས།།
ཚེ་གཅིག་གཏན་གྲོགས་དེ་འཚོལ་ན།།
འདྲིས་གཤིབ་ཡུན་རིང་དུ་བྱེད་དགོས།།
བདེ་མོའི་ཐང་ཆེན་ཞིག་འདོད་ན།།
ཀྱག་ཀྱོག་འཕྲང་ལམ་དེ་བརྒྱུད་དགོས།།
ཁ་ལས་རླུང་རྟ་དེ་འདོད་ན།།
ཆེ་བཀུར་ཆུང་བྱམས་དེ་གལ་ཆེ།།
མི་ཚེ་སྟོང་ཟད་དུ་གཏོང་ན།།
རང་མགོ་རང་ཉིད་ཀྱིས་གཡོགས་ཤིག།
མི་ཚེ་དོན་ལྡན་ཞིག་བྱེད་ན།།
དམིགས་ཡུལ་ཡོད་པ་ཞིག་བྱེད་དགོས།།
དགྲ་བོ་མང་བོ་ཞིག་འདོད་ན།།
སྣ་ཐུང་སྤྲོ་ཐུང་རང་གྱིས་དང་།།
ཀུན་ལ་མཐུན་པ་ཞིག་བྱེད་ན།།
གཞན་དང་བསྟུན་པ་དེ་གལ་ཆེ།།
ཚོགས་པའི་འཕུང་དཀྲུག་དེ་བྱེད་ན།།
རང་ལྟ་མཆོག་འཛིན་གྱིས་འཐུས་སོ།།
བྱ་བཞག་རླབས་ཆེན་ཞིག་སྒྲུབ་ན།།
ལས་དོན་ཆུང་ས་ནས་བརྩོན་དགོས།།
མཁས་པ་ཚད་ལྡན་ཞིག་བྱེད་ན།།
འཆད་རྩོད་རྩོམ་གསུམ་ལ་མཁས་དགོས།།
སྨྱོན་པའི་སྨྱོ་རྟགས་དེ་འཛིན་ན།།
དོན་མེད་ལབ་བརྡོལ་གྱིས་ཆོག་གོ།
ཤེས་ཡོན་ཚད་ལྡན་ཞིག་འདོད་ན།།
བཤེས་གཉེན་དམ་པ་ཞིག་བསྟེན་དགོས།།
འཕྲལ་བདེའི་བྱ་དངོས་ཀྱིས་ཆོག་ན།།
ཧམ་པའི་རྔ་མ་ནས་མ་གཏོང་།།
རང་དོན་གཞན་ཉིད་ལ་རེ་དུས།།
གཞན་ངོ་སྲུང་བའང་གལ་ཆེ།།
གཞན་ལ་ཕོག་ཐུག་རེ་གཏོང་ན།།
ཁ་རྡུང་ཚིག་རྩུབ་རེ་ཤོད་དང་།།
གྲོགས་མེད་ཁེར་རྐྱང་དུ་འཚོ་ན།།
ངེས་མེད་ལུང་སྟོང་དུ་འགྲིམས་ཤིག།
དགྲ་ཡང་གཉེན་གྲོགས་སུ་འགུག་ན།།
ཞི་བའི་ཐབས་རྩལ་དེ་བསྟེན་དགོས།།
དོན་ལྡན་འཚོ་གནས་ཤིག་མཁོ་ན།།
དོན་སྟོང་གནས་ལུགས་དེ་ཤེས་དགོས།།
སྐྱིད་སྡུག་མཉམ་གྲོགས་ཤིག་དགོས་ན།།
གདམ་ག་རང་ཉིད་ལས་མེད་དོ།།
བརྩེ་བ་རྣལ་མ་ཞིག་མཁོ་ན།།
ཚོར་བ་རྣོ་དབལ་དུ་སྦྲེང་དགོས།།
སྐྱོན་མེད་དམ་པ་ཞིག་བྱེད་ན།།
ཉེས་འགལ་ཆུང་ཚགས་ལའང་འཛེམ་དགོས།།
གཞན་དང་མཐུན་ཐབས་ཤིག་མེད་ན།།
ཁེར་འགྲོ་ཁེར་འདུག་རང་གྱིས་ཤིག།
ལོངས་སྤྱོད་འཛད་མེད་ཅིག་འདོད་ན།།
དཀའ་ལས་ཚད་མེད་ཅིག་རྒྱག་དགོས།།
ལུས་འདིར་བདེ་བ་ཞིག་འདོད་ན།།
ལུས་རྟེན་ཆུད་ཟོས་སུ་མ་གཏོང་།།
ཕྱི་མར་སྐྱིད་པ་ཞིག་འདོད་ན།།
ཚེ་འདིར་ཚོགས་བསགས་རང་གྱིས་ཤིག།
སེམས་ལ་འདོད་མོས་དེ་མེད་ན།།
གདོང་གི་སྐྱི་པགས་དེ་མ་འཛུམ།།
སྙིང་ན་རྨ་ཁ་ཞིག་ཡོད་ན།།
འཁུན་སྒྲ་ཇི་བཞིན་དུ་འབྱིན་དགོས།།
གཞན་གྱི་ཡིད་ཆེས་དེ་འདོད་ན།།
དྲང་བོ་དྲང་བཞག་ཅིག་བྱེད་དགོས།།
དབང་དང་གོ་སའི་ཆེད་ཡིན་ན།།
ཚུལ་འཆོས་སོ་དཀར་དེ་སྟོན་ཅིག།
མདུན་གྱི་སྣང་བ་དེ་འདོད་ན།།
རྒྱབ་ཀྱི་མུན་པ་ལ་གཟབ་དགོས།།
བློ་བརྟན་འགྱུར་མེད་ཅིག་བྱེད་ན།།
རྡོ་རྗེ་ཕ་ལམ་ལ་དཔེ་ལྟོས།།
འཁོར་བའི་གཏིང་ཞབས་འགྲིམ་འདོད་ན།།
བདག་འཛིན་རིལ་བོ་དེ་མ་གློད།།
ཅང་མེད་དབུལ་བོར་སྐྱེ་འདོད་ན།།
སེར་སྣའི་སྤར་ཁ་དེ་མ་ཕྱེ།།
མདོག་ངན་ལུས་བཙོག་ཅིག་འདོད་ན།།
ཞེ་སྡང་མེ་ལྕེ་དེ་མ་གཟིམ།།
ཕག་པའི་ལུས་རྟེན་དེར་དུང་ན།།
ཉིན་མཚན་གཏི་མུག་གིས་སྐྱེལ་ཅིག།
ཐར་བའི་དག་ཞིང་དེ་འདོད་ན།།
ངར་འཛིན་རྩ་བ་དེ་ཆོད་ཅིག།
མི་ལུས་ཙམ་པོ་དེ་འདོད་ཀྱང་།།
མི་དགེ་བཅུ་སྤོང་ལ་འབད་དགོས།།
དངུལ་ལོ་འཕྲོ་བརླག་ཏུ་གཏོང་ན།།
རིག་རིག་ཐུག་ཐུག་དེ་ཉོས་དང་།།
ཕ་མའི་ཐུགས་སེམས་དཀྲུག་སྙམ་ན།།
མི་ལས་དགུ་ལས་རང་གྱིས་ཤིག།
ཕུགས་བསམ་དོན་མེད་ཅིག་སེམས་ན།།
ཉི་མ་གང་འཁྱོལ་རེ་གྱིས་དང་།།
ཚུགས་ཐུབ་མི་ཚེ་ཞིག་སྐྱེལ་ན།།
མི་བུ་རང་ཉིད་ཀྱིས་འཇོན་དགོས།།
མེད་མུག་ཁ་འདོན་དུ་བྱེད་ན།།
ལས་མེད་ལྷོད་གཡེང་དུ་སྡོད་ཅིག།
འགྱོད་པའི་གདུང་བ་དེ་ཁུར་ན།།
གཞོན་དུས་བག་ཡངས་ཀྱིས་སྐྱེལ་ཅིག།
སྙིང་ཁམས་ནད་པ་རུ་བཟོ་ན།།
སྙིང་ནད་ཤ་འཁོན་དག་མ་བརྗེད།།
བློ་བདེ་བག་ཕེབས་ཤིག་བྱེད་ན།།
རང་སེམས་རང་ཉིད་ཀྱིས་གསོ་དགོས།།
གཉེན་གྲོགས་རང་འཁོར་ཞིག་བྱེད་ན།།
མཛའ་བརྩེའི་ཕྱི་ཐག་དེ་རིང་དགོས།།
རང་རེར་ཕྱག་རྗེས་ཤིག་འཇོག་ན།།
རྩ་དོན་མིག་འབྲས་ལྟར་གཅེས་དགོས།།
ཕ་མའི་དྲིན་ལན་དེ་འཇལ་ན།།
ཁ་ཏ་སྙིང་ནོར་དུ་འཛིན་དགོས།།
འཚོ་གནས་སྙིང་བོ་དེ་འཚོལ་ན།།
ཕུགས་འདུན་ཆེན་པོ་ཞིག་སྙེག་དགོས།།
ཤེས་བློའི་བང་མཛོད་ཅིག་བྱེད་ན།།
ཤེས་བྱའི་ཆུ་ཐིགས་ཀུན་གསོག་དགོས།།
སྐུ་ཤ་དར་ཙམ་གྱིས་ཆོག་ན།།
ཟ་འཐུང་ཉལ་གསུམ་རང་གྱིས་ཤིག།
དུས་ཚོད་སྐྱེལ་ཕྱིར་རང་ཡིན་ན།།
ཟང་ཟིང་འཕྲུལ་རིགས་ལ་འཐོམས་ཤིག།
འབྲས་བུ་ཡག་པོ་ཞིག་འདོད་ན།།
རྒྱུ་རྐྱེན་ཀུན་ཚང་ཞིག་སྒྲུབ་དགོས།།
གཞན་ལ་ཁ་ཏ་ཞིག་བྱེད་ན།།
ཐོག་མར་རང་ཉིད་ནས་རྩོམ་དགོས།།
སྙིང་བོ་ཡོད་མེད་ཀྱི་གཏམ་འདི།།
སྙིང་གའི་ཁོང་གསེང་ནས་བུད་བྱུང་།།
        གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པའི་བསླབ་བྱ་ཟློག་སྒོམ་གྱི་ཚུལ་དུ་བྱས་པ་སྐྱོན་ཡོན་གསལ་བའི་མེ་ལོང་ཞེས་བྱ་བ་བཀླགས་པའི་མྱོང་བྱང་དང་དེའི་འབྲི་ཐབས་སྤྱད་ནས་སྙིང་གཏམ་སྙིང་གི་འཕར་ལྡིང་ཞེས་པའི་ལབ་བརྡོལ་ཞིག་འདིར་ཀློག་པ་པོའི་སྤྱན་སྔར་བཀོད་པ་ཡིན་ན་དགེ་སྐྱོན་ཅི་མཆིས་མཛུབ་སྟོན་དང་ནོར་བཅོས་ཡོང་བ་ཞུ།

2023-04-27 ཆབ་བྲག་ཕོ་ཉ།
ལུགས་ཟུང་བསླབ་བྱ་རྨ་བྱའི་སྒྲོ་གུར་མཛེས།
2023-03-12 ཇག་ནག
ཧ་ལས་གནའ་རྩོམ་རིང་མོ་ཞིག
2023-03-10 ཆབ་བྲག་ལྷ།
དུ་ཆང་འཛེམ་མེད་དུ་སྤྱོད་པ། རང་ཉིད་འཕུང་རྐྱེན་དེ་ཡིན་ན། ཐོག་མ་ཁྱེད་རང་གིས་སྤོངས་དང་། རྗེས་འཇུག་གཅིག་གཉིས་རེ་ཡོད་སྲིད།། ཧ་ཧ
2023-03-09 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།