སྲོལ་རྒྱུན་སྙན་ངག་ཅིག
བཀླགས་གྲངས། 665
ཐོལ་བྱུང་གི་དྲན་སྣང་།
བསིལ་རླུང་འཇམ་པོའི་གཡོ་གར་ལས་ནི་བརྩེ་འདབ་སོར་མོའི་གཡོ་བ་འཛིན།།
དུངས་སེམས་ཟེར་མདའ་མིག་ཟུང་ལས་མཆེད་གང་གི་སྙིང་ལ་ཕོགས་པའི་མོད།།
ཡིད་ཀྱི་བརྟན་པ་མཚོ་མཐར་རྩེན་པའི་རླབས་དཀར་ཟེགས་མའི་དོ་ཤལ་འཆང་།།
རིང་ནས་འདོད་པའི་ཕན་ཚུན་སྙིང་ན་རོལ་བ་ཆུ་ཡི་རི་མོར་གྱུར།།
ཉམས་འགའི་ནགས་ཚལ་ལྷུང་ལྷུང་འབབ་ལྡན་རི་ཡི་འཕྲེང་བ་རང་བྱུང་ཁམས།།
བག་ཏུ་ཕབ་པའི་བྱ་དང་རི་དྭགས་འདོད་པའི་ཁམས་གང་ཅི་འགར་རོལ།།
བར་དུ་ཆོད་པའི་རི་ཆུ་དག་ལ་གཞན་སེམས་ཤེས་པ་ཅང་མ་མཆིས།།
འོན་ཏེ་སྟོབས་ཀྱིས་བསྒྱུར་བ་དག་ལ་བར་གཅོད་བཀའ་ལུང་སུ་ཡིས་བསྩལ།།
ལ་ལ་ལས་དང་དབང་ཕྱུག་དང་ནི་བྱེད་པོ་དཀོན་མཆོག་དག་ཅེས་ཟེར།།
རེ་འགའ་དག་ནི་རང་དང་གཞན་ཞེས་བཏགས་པ་བཙལ་བས་རྙེད་མིན་པ།།
ལོ་ཟླའི་ཕྲེང་བར་བརྩེ་སེམས་བརྩེགས་པ་ཕྱི་ཕྱིར་བཀྱེད་ཅིང་ཕྱིར་རུ་འདུས།།
གང་ལ་ཁེངས་ཀྱང་མི་སྡོད་ལུས་ཟུངས་སྤྲིན་དཀར་བསྐྱོད་པའི་ཉམས་བཞིན་ཟད། །