Back To Top

གྲོས་ཚོགས་ཟུར་གསུམ་མ།

གྲོས་ཚོགས་ཀྱིས་བསླངས་པའི་ཚོར་སྣང་རྨས་མ་ཞིག

བཀླགས་གྲངས། 846

ཁུ་སིམ་ཁ་རོག་སྡོད་པར་འདོད་ན་ཡང་། །

ག་ས་གང་ནས་ཅ་ཅོ་འདོན་པ་དག།

རྣ་བ་མ་གཏད་ན་ཡང་གོ་ཡོང་བས།།

མ་བཟོད་ཚོར་སྣང་ཚིགས་སུ་སྡེབ་དགོས་ཐུག།

 

དགྲ་ཇག་དམར་པོའི་ཕྱོགས་ལ་རྒོལ་མདའ་མེད།།

ནང་ཁུལ་གཅིག་གིས་གཅིག་ལ་ཚིག་མཚོན་འདེབས།།

སེར་སྐྱ་གཉིས་ཀ་དམག་འཐབ་བྱང་མ་རེད།།

སུ་རྒྱལ་སུ་ཕམ་མེད་པ་འདྲ་མཉམ་རེད།།

 

བཀའ་བློན་གསར་དུ་བསྐོ་བའི་སྒོ་མོ་བཀག།

ཁྲིམས་ཞིབ་ཁང་གི་ཞབས་སྟེགས་སྟོང་བར་ཕུད།།

ཁྲིམས་སྒྲིག་རང་གིས་བཟོས་པ་རང་གིས་གཏོར།།

གྲོས་ཚོགས་ཟུར་གསུམ་མ་ལ་འཇིགས་ཤིང་སྡང།།

 

ཕྱོགས་ཞེན་ཆེ་བའི་ཁ་མཁས་སུ་དང་སུ།།

སྤྱི་སེམས་མེད་པའི་སྤྱི་འཐུས་སུ་དང་གང། །

དྲིན་ཆེན་དམ་པའི་སྐྱེས་བུར་སྨོད་པ་དག།

ཀུན་སློང་སྐྱོན་ཅན་མིན་པར་སུ་ཡིས་སྒྲུབ།།

 

ཕྱོགས་འདུས་མི་མང་རེ་འབོད་འུ་ཐུག་མ།།

གྲོས་ཚོགས་ར་བའི་ནང་ནས་མ་ཐོས་མིན།།

རང་གནོང་མགོ་བོ་སྒུར་འདོད་མ་ཡོད་པས།།

ངན་ཁག་གཞན་ལ་དཀྲིས་པ་སུས་ཀྱང་ཚོར།།

 

དམངས་ཀྱིས་བསྐོས་ཀྱང་དམངས་ལ་གནོད་བྱེད་ན།།

མི་མང་སྤྱི་འཐུས་མ་ཡིན་དམངས་དགྲ་ཡིན།།

ཡར་འཇོག་མར་འཕེན་མི་མང་དབང་ཆ་སྟེ།།

དུས་ལ་བབས་ན་ཆུ་ལོག་ཟློག་མེད་ཡིན།།

 

ཤར་ལ་བལྟས་ནས་ཉི་འོད་བསུ་བའི་དུས། །

ནུབ་ལ་ཅེར་ནས་ཟླ་བར་དམོད་པ་དག།

མདུན་ལམ་གཅིག་གི་གྲོགས་སུ་མི་འགྱུར་བས།།

སྤྱི་མཐུན་རེ་བ་བཅོལ་ན་ཆག་སྒོའི་གཞི།།

 

ཀུ་ཤུ་སླེ་བོ་གང་ནང་རུལ་བ་གཅིག།

ཡོད་ན་དེ་ཉིད་འདོར་ལས་གཞན་དག་མིན།།

དེ་བཞིན་འཁོར་གྱི་ནང་ལ་ངན་རུལ་སུ།།

བྱུང་ན་དེ་རང་ཕྱི་རུ་བཏོན་པས་ཆོག།

 

སྐྱོན་མེད་པ་ལ་ཉེས་འཛུགས་ག་ལ་རུང་།།

དོགས་གཞི་ཅན་ལ་དོགས་སློང་བྱེད་ཀྱང་འོས།།

ཕན་ཚུན་མ་དགའ་སྐྱོན་མཚང་འབྱིན་རེས་དག།

བྱིས་པ་རྣམས་ཀྱི་རྩེད་མོ་ལས་གཞན་ཅི།།

2023-10-06 ཇག་ལྷ།

བྲིས་པ་ལོས་ལེགས་ཁྱོད་ཀྱི་དགེ་རྒན་རེད།
ནང་དོན་མི་ལེགས་ནང་ཁུལ་རྙོག་གྲ་རེད།
ཡིག་གཟུགས་ཆུང་ན་ཆེ་རུ་བསྐྱེད་དེ་ཀློགས། 
ཧེ་ཧེ་ཧེ་་་

2023-09-28 གསལ་ལེ་རྒྱལ།
བྲིས་པ་ཧ་ཅང་ལེགས། ཡིན་ཡང་ཡིག་གཟུགས་ཆུང་དྲག་འདུག་པས་དེ་ལ་དགོངས་བཞེས་གནང་རོགས།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།