བོད་ཀྱི་དེང་རབས་ལོ་རྒྱུས་མི་སྣའི་སྐོར་གྱི་དཔྱད་བརྗོད་ཅིག
བཀླགས་གྲངས། 721
ཟོག་གི་རི་མོ་ཕྱི་དང་མིའི་རི་མོ་ནང་།
ང་ཕོད་ངག་དབང་འཇིགས་མེད་གླེང་བ།
གླེང་སློང་བའི་གཏམ།
༡༩༤༩ ལོར་ཀྲུང་གོ་(དཀྱིལ་རྒྱལ) ཞེས་པའི་རྒྱལ་ཁབ་གསར་དུ་བཙུགས་པ་མ་ཐག་རྒྱ་ནག་གི་མཐའ་མཚམས་ཀྱི་བོད་དང་ཡུ་གུར་ལ་བཙན་འཛུལ་དཔུང་འཇུག་གི་ལྐོག་གཡོའི་སྲིད་བྱུས་འཐེན། དེ་ཡང་ཡུ་གུར་དང་བོད་གཉིས་ཀྱང་ཀྲུང་གོ་ཞེས་པའི་ཁོངས་སུ་ཡིན་པས། ཕྱི་གླིང་བའི་བཙན་འཛུལ་དང་མུན་ནག་གི་སྤྱི་ཚོགས་ཀྱིས་བཅིངས་པའི་སྡུག་བསྔལ་ལས་བཀྲོལ་ནས་མེས་རྒྱལ་གྱི་པང་དུ་ལོག་དགོས་ཞེས་པའི་མགོ་སྐོར་གྱི་དྲིལ་སྒྲགས་དར་ཆེན་ཕྱར་ནས། ཞི་དྲག་གཉིས་ཀྱི་ཐབས་ཚུལ་དུ་མས་བོད་མདོ་ཁམས་ནས་རིམ་བཞིན་བཙན་འཛུལ་བྱས་ཏེ། ༡༩༥༠་ལོའི་ཟླ་༡༠ པའི་ཚེས་མགོ་ནས་ཆབ་མདོར་དཔུང་འཇུག་བྱས་ཏེ། མདོ་སྤྱི་ང་ཕོད་དང་ལྷ་ཀླུས་བཀོད་འདོམས་འོག་གི་བོད་དམག་བརྒྱད་སྟོང་ཙམ་དེ་བསད་བཟུང་གིས་ཆབ་མདོ་བཙན་འཕྲོག་བྱས་རྗེས། ༡༩༥༡་ལོའི་ཟླ་༥ ཚེས་༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ང་ཕོད་གཙོས་པའི་བོད་གཞུང་གི་སྐུ་ཚབ་ཚོས་རྒྱ་གཞུང་གི་བཙན་དབང་འོག“བོད་ཞི་བས་བཅིང་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་པར་ངོས་ལེན་མིང་རྟགས་འགོད་དགོས་བྱུང་། ཉིན་དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ལ་ཡོངས་སུ་དབང་སྒྱུར་བྱེད་པར་ཁྲིམས་མཐུན་གྱི་བདག་དབང་ཡོད་པར་གྱུར་པ་རེད། ང་ཕོད་ནི་ཆབ་མདོའི་དམག་འཁྲུག་ཕམ་ཉེས་སྐབས་ཀྱི་དམག་སྤྱི་དང་ཞི་གྲོས་སྐབས་ཀྱི་ཆེས་མཐོའི་དབང་ཚད་ཅན་དེ་ཆགས་ཡོད་ལ། དེའི་རྗེས་ནས་ཀྱང་མུ་མཐུད་དུ་བོད་དང་རྒྱ་གཞུང་བར་གྱི་ཟམ་པ་བཟོ་སྐྲུན་པ་རྒྱ་གཞུང་གི་བློས་ཐུབ་གྲོགས་པོ་ཞིག་ཏུ་གྱུར་ཅིང་། མཐར་ལོ་བརྒྱར་སོན་ནས་ཚེ་ལས་འདས་སྐབས་རྒྱ་ནག་གཞུང་འབྲེལ་གྱིས་མྱ་ངན་གུས་འདུད་ཆེན་པོ་བྱས་ཏེ། རྒྱལ་ཁབ་ལ་བྱས་རྗེས་ཆེ་བའི་རྒྱལ་གཅེས་པ་ཞིག་ཡིན་པའི་གདེང་འཇོག་ཚད་མཐོ་བྱས་ཡོད།
དེ་ལྟར་ང་ཕོད་ནི་བོད་རྒྱའི་དེང་རབས་ལོ་རྒྱུས་ནང་གི་མི་གླེང་ཐབས་མེད་ཀྱི་མི་སྣ་གྲགས་ཅན་ཞིག་ཆགས་ཡོད་ལ། བོད་སྤྱི་ཚོགས་སུ་ཁོང་གི་སྐོར་ལ་བཟང་ངན་ཅི་རིགས་ཀྱི་ངོས་འཛིན་མི་འདྲ་བ་ཡང་བྱུང་དང་འབྱུང་བཞིན་པའི་མི་སྣ་རྩོད་གཞི་ཅན་ཞིག་ཀྱང་རེད། དེ་བས་འདིར་ང་ཕོད་ཀྱི་སྐོར་ལ་ཁུངས་ལུང་དང་བཅས་དོན་ཚན་ལྔའི་སྒོ་ནས་ངོ་སྤྲོད་རགས་ཙམ་བྱ་བ་ལ། ཀ༽ ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་བརྒྱུད་རིམ། ཁ༽ རྒྱ་ནག་གཞུང་གིས་ང་ཕོད་ལ་ལྟ་སྟངས། ག༽ བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ང་ཕོད་ལ་ལྟ་སྟངས། ང༽ མི་མང་ཁྲོད་ནས་ང་ཕོད་ལ་ལྟ་སྟངས། ཅ༽ མཇུག་བསྡུ་བ་བདག་རང་གི་ལྟ་ཚུལ་དང་བཅས་སོ།།
ཀ༽ ང་ཕོད་ཀྱི་མི་ཚེའི་བརྒྱུད་རིམ།
ང་ཕོད་ཀྱི་མི་ཚེའི་བརྒྱུད་རིམ་ནི་ཀྱག་ཀྱོག་ཅིག་ཡིན་ལ། དབང་དང་རྒྱུ་ནོར་མིང་གྲགས་བཅས་འཛོམས་པའི་མི་འཇོན་པོ། ཚེ་གང་བོར་རླུང་རྟ་དར་བའི་མི་ཚེ་བསོད་ཅན་ཞིག་ཀྱང་ཡིན་ཏེ། དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་རུ། “ང་ཕོད་ངག་དབང་འཇིགས་མེད་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་༡༩༡༠ལོར་ཡུམ་ཧོར་ཁང་གི་སྲས་མོ་བྱམས་པ་ལགས་སུ་རྒྱ་མར་སྐུ་འཁྲུངས། ཆུང་དུས་བོད་ཀྱི་རྩིས་སོགས་ལ་སྦྱངས་པ་གནང་། གྲོང་དྲག་དམག་གི་རུ་དཔོན་གྱི་དགན་གཞེས། ང་ཕོད་གྱི་གོ་མག་ཏུ་ཕེབས་ཏེ་དེ་གའི་མིང་ཐོག་ནས་ཞབས་སྡོད་ཞུས་རྗེས་སྔ་རྗེས་སུ་བཤེར་དཔང་དང་། རྩེས་དཔོན་ཐོག་ཞིབ་ཁང་དོ་དམ། བཀའ་བློན་སོགས་ཀྱི་གོ་ས་བཞེས། མི་དམངས་བཅིངས་འགྲོལ་དམག་ཆབ་མདོར་འབྱོར་སྐབས་མདོ་སྨད་སྤྱི་ཁྱབ་པ་ཡིན། རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་༡༩༥༡ ལོར་བོད་ཞི་བའི་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་འཇོག་སྐབས་བོད་ས་གནས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་གནང་། བོད་ཞི་བའི་བཅིངས་འགྲོལ་བྱུང་རྗེས་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་བཞོན་པ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེ་མོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་འཐུས་མི། རབ་བྱུང་བཅུ་དྲུག་པའི་ས་ཕག་༡༩༥༩ལོར་ཟིང་འཁྲུག་ལྷིང་འཇགས་བཏང་རྗེས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཞོན་པ་དང་། ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་སོགས་དང་། སྐབས་གསུམ་པ་དང་བརྒྱད་དགུ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། སྐབས་བཞི་པ་ནས་སྐབས་བདུན་པའི་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་བཞོན་པ་སོགས་གནང་།” ཞེས་ང་ཕོད་ཀྱི་མི་ཚེའི་བརྒྱུད་རིམ་གལ་ཆེན་ཁག་མདོར་བསྡུས་སུ་བཀོད་པ་འདིས་འཐུས་སྙམ་མོ།།
ཁ༽ རྒྱ་ནག་གཞུང་གིས་ང་ཕོད་ལ་ལྟ་སྟངས།
2009-12-28 ཉིན། <ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས>ཐོག “བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཚེ་ཧྲིལ་པོ།” ཞེས་པའི་ཚད་མཐོའི་གདེང་འཇོག་གི་ཆེད་བརྗོད་རྩོམ་ཡིག་རིང་པོ་ཞིག་བཀོད་ཡོད་པ་དེས་མཚོན་ཐུབ་སྟེ། ཆེད་བརྗོད་དེའི་ཐོག་མར། “རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན། བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་། རང་རྒྱལ་མི་རིགས་ལས་དོན་གྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་མཛའ་མཐུན་གྲོགས་པོ།” ཞེས་ཁྱད་ཆོས་གཙོ་བོ་ལྔའི་སྒོ་ནས་གདེང་འཇོག་བྱས་འདུག་ཅིང་དེ་ནས “རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་གསུམ་པ་དང་།བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་སྙུན་གཞིའི་རྐྱེན་གྱིས་༢༠༠༩ལོའི་ཟླ་༡༢ཚེས་༢༣ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༥༠ལ་པེ་ཅིན་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་༡༠༠ ལ་ཕེབས།” ཞེས་གོ་གནས་ཆེན་པོ་གསུམ་གྱི་གདེང་འཇོག་དང་བཅས་བྱས་རྗེས་ཁག་ཅིག་རེ་རེ་བཞིན་གླེང་འདུག
ཆེད་བརྗོད་འདིའི་མཇུག་ཏུ། “བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་ཀྱི་རྒྱལ་གཅེས་ཡར་ཐོན་མི་སྣའི་ནང་གི་ཁྱད་དུ་འཕགས་པའི་ཚབ་མཚོན་པ་ཞིག་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་དང་གྲངས་ཉུང་མི་རིགས་ཀྱི་མི་སྣའི་དར་ཆ་ཞིག་ཡིན། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་འགན་སེམས་ཧ་ཅང་ཆེན་པོ་བཅངས་ཐོགཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་བཞེངས་ནས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་སེམས་གཅིག་གཏད་དང་ཁྲེལ་གྲགས་མཉམ་འཁུར་གནང་ཡོད། ཁོང་གིས་བདེན་དོན་བརྩོན་གཉེར་དང་དམ་བཅའ་འགྱུར་མེད་གནང་བའི་བླ་ན་མེད་པའི་སྙིང་སྟོབས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་གནང་བའི་རྒྱལ་གཅེས་ཀྱི་བཞེངས་ཕྱོགས། དོ་དོ་ཏན་ཏན་དང་ནུས་སྟོབས་ཡོད་རྒུ་འདོན་པ་གནང་བའི་ཕུལ་བྱུང་གི་གཤིས་བཟང་སོགས་ནི་ང་ཚོས་དུས་ནམ་ཡང་གུས་བཀུར་དང་སློབ་སྦྱོང་ཞུ་འོས་པ་ཞིག་ཡིན།” ཞེས་ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་གཅེས་དཔེ་མཚོན་མི་སྣ་ཞིག་ཡིན་པའི་གདེང་འཇོག་ཆེ་བསྟོད་བྱས་འདུག
ག༽ བཀའ་ཤག་གི་ལྟ་སྟངས།
བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་་ནང་ང་ཕོད་སྐོར་བཟང་ངན་ཅི་ཞིག་བྲིས་ཡོད་མེད་བདག་གིས་ཆ་མ་འཚལ་མོད། ༢༠༠༩ ཕྱི་ཟླ་༡༢ཚེས་༢༤ ལ། བཀའ་ཤག་གིས། <རྗེས་དྲན་གུས་འདུད།> ཅེས་པའི་གསལ་བསྒྲགས་ཤིག་བསྐྱངས་པ་འདི་ལྟར།
“བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།
དམ་པ་དེ་ཉིད་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་དུས་ནས་ཞབས་པད་དུ་བསྐོ་གཞག་གནང་བའི་གཞུང་ཞབས་བགྲེས་སོང་ཞིག་ཡིན་པ་མ་ཟད། དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུའི་འབད་རྩོལ་གནང་མཁན་ཞིག་ཡིན།
ཕྱི་ལོ་༡༩༨༠གྱ་གྲངས་ནང་སྐུ་ཚབ་དང་བལྟ་སྐོར་ཚོགས་ཆུང་སྔ་རྗེས་ལ་མཇལ་འཕྲད་སྐབས་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱ་ནག་ལ་དཔྱ་ཁྲལ་འཇལ་བའི་ལོ་རྒྱུས་གཏན་ནས་མེད་སྐོར་མཛུབ་སྟོན་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་དགོས་པའི་རེ་འདུན་བཏོན་པར་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ད་ལྟ་དུས་ཚོད་མ་རན་ཡང་རིམ་པས་དགོངས་བཞེས་གནང་འཐུས་ཁས་ལེན་གནང་བའི་དངོས་དོན་བདེན་དཔང་གནང་བ་དང༌། ཕྱི་ལོ་༡༩༨༩ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་གསེར་ཁྲི་མངའ་གསོལ་རྒྱ་ནག་དབུས་གཞུང་གིས་ངོས་བཞེས་བཀའ་འཁྲོལ་ལྟར་གནང་བ་ཡིན་ཚུལ་གྱི་འཁྱོག་བཤད་ལ་ཚད་ལྡན་བྱུང་རབས་ཀྱི་རྒྱབ་ལྗོངས་དང་བཅས་ཏེ་དངོས་བདེན་མིན་པའི་གསལ་བཤད་གནང་བ་དང༌། བོད་ནི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བར་དབུས་གཞུང་དང་མཉམ་དུ་གྲོས་མཐུན་བཞག་པ་ཞིག་ཡིན་པས་དེའི་དམིགས་བསལ་གྱི་གནས་བབ་ངོས་འཛིན་དགོས་པའི་ཞུ་བསྐུལ་གནང་བ། ཕྱི་ལོ་༡༩༩༡ ལོར་སླར་ཡང་དབུས་གཞུང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་སྤྱི་དང༌། ལྷག་པར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་དོན་ཚན་ཁག་ལག་བསྟར་དགོས་པའི་ཞུ་བསྐུལ་གནང་བ། དེ་མཚུངས་པཎ་ཆེན་སྐུ་གོང་མ་མཆོག་དང་མཉམ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་འབད་རྩོལ་ཤུགས་ཆེ་གནང་བ་སོགས་ཡུལ་དུས་གནས་བབ་ལ་གཞིགས་པའི་མི་རིགས་ཀྱི་ལར་ཞེན་གཅེས་སྲུང་གནང་མཁན་ཞིག་ཡིན། རྗེས་བཞུགས་ལྷ་ལྕམ་སྲས་སྲོས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༠༩ ཕྱི་ཟླ་༡༢ཚེས་༢༤ལ།”
ང་༽ དམངས་ཁྲོད་ཀྱི་ལྟ་སྟངས།
དེ་ཡང་སྐབས་དེའི་ལྷ་སའི་དམངས་གཞས་ཤིག་ལ།
“ང་ཕོད་ངར་ནས་ལངས་སོང་། །ཆབ་མདོ་བསྐྱལ་ནས་སླེབས་བྱུང་། ལྷ་ཀླུ་ཡར་ཙམ་མར་ཙམ། །ལྷ་ས་སྐྱེལ་མཁན་མིན་འགྲོ།།” ཞེས་པ་ནི་མི་དམངས་ཀྱི་ཚབ་མཚོན་རང་བཞིན་ལྡན་པ་ཞིག་ཡིན་ལ། གཞས་ཚིག་འདིས། སྐབས་དེར་ང་ཕོད་ཀྱིས་ཆབ་མདོ་སྲུང་སྐྱོབ་མ་ཐུབ་པ་ཙམ་ཞིག་མིན་པར་ཕར་དགྲ་ལག་ལ་བསྐྱལ་སོང་ཞེས་ཟུར་ཟ་བྱས་ཡོད།
གཞས་ཚིག་འདི་ལ་ལོ་རྒྱུས་དངོས་ཀྱི་རྒྱབ་ལྗོངས་ཡོད་དེ། ཕུ་བ་ཚེ་རིང་སྟོབས་རྒྱས་ཀྱིས་བརྩམས་པའི<<གངས་ཅན་བསྟན་སྲུང་དང་བླང་དམག་སྨར་ཁམས་སྒང་གི་རྒྱལ་སྲུང་དམག་འཐབ་ལོ་རྒྱུས།>> ནང་དུ། “ལྗང་ས་སྡམ་དང་འཇུས་བདེ་ཆེན་ཁུལ་སོགས་སུ་རྒྱ་དམར་གྱི་དཔུང་དམག་སླེབས་ཟིན་ལུགས་ཀྱི་གནས་ཚུལ་ཉིན་བཞིན་ཇེ་མང་ཇེ་གསལ་དུ་སོང་བར་བརྟེན་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་སྔར་ཡོད་ཁམས་དམག་སེར་རིལ་དམག་ཞེས་པ་གྲངས་༥༠༠་ཐོག་གོ་ཧྲག་ཆིག་སྟོང་ལྷག་བསྡུ་རུབ་ཀྱིས་ཆུང་འབུམ་ཕུ་པ་དཔོན་ཚུལ་ཁྲིམས་རྒྱལ་མཚན་དང་དཔོན་འགི་ཁ་ཤས་བཅས་བོད་གཞུང་གི་ཏ་དང་དམག་གི་དཔུང་རོགས་ཞུས་ཏེ་གོང་དཀར་བླ་མ་ཚང་གི་ས་གནས་ཚ་ཁ་ལྷོ་ཞེས་པའི་ཁུལ་དུ་ས་སྲུང་དང་། གོ་ལག་ལྟོ་ཕོགས་དང་བཟའ་ཆས་སོགས་དམག་མཁོ་དངོས་པོ་ཇི་མཆིས་མི་སེར་རང་ཁོངས་ནས་མཁོ་འདོན་ཞུས་པ་རེད། ་་་” ཅེས་དང་། “འོན་ཀྱང་གུང་ཁྲན་ཏང་རིང་མིན་འབྲི་ཆུ་བརྒལ་རྒྱུ་འི་གནས་ཚུལ་ཛ་དྲག་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཁག་བསྐྱར་དུ་མདོ་སྤྱི་མདོག་ལ་སྙན་ཞུ་རིམ་ཕུལ་དང་འབྲེལ་སྔར་བཞིན་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་ཡོང་བ་ཞེས་སྙན་བསྐུལ་ཇི་ཞུས་དོན་སོན་གཏན་ནས་མ་བྱུང་བ་མ་ཟད། དེ་ལས་ལྡོག་སྟེ་བཀའ་རྒྱ་ཕེབས་ཏེ་སྨར་ཁམས་ཁུལ་དུ་སེར་རིལ་ཡུལ་དམག་འཛུགས་དགོས་དོན་མེད་པར་གཞུང་དམག་རང་གིས་འཐུས་ངེས་གསུངས་པ་བཞིན་མཐའ་སྲུང་དམག་གྲབས་ཀྱི་ལས་དོན་ཇི་བྱས་རྣམས་ངལ་བ་སྟོང་ཟད་དུ་སོང་བ་དང་། ་་་” ཞེས་དང་། ཡང་། “དེ་བཞིན་ང་ཕོད་ནས་ཀྱང་མུ་བྱ་སོགས་ཀྱི་རྒྱབ་ཕྱོགས་ཀྱི་དཔུང་རོགས་དགོས་འདུན་ལ་ཡ་ལན་གཏན་ནས་མ་བྱས་པ་མ་ཟད། ཁོ་པ་གནས་བསོ་བདེ་བའི་ཆེད་དུ་ཉེན་ཟོན་ཡིན་ལུགས་ཀྱིས་རྫ་ཆུ་ཁ་བརྒྱུད་དུ་གསང་ཡིབ་བྱས་ཏེ་བསྡད་པ་རེད།” ཅེས་དང་། “སྐབས་དེར་མུ་བྱ་ཆབ་མདོར་འབྱོར་རྗེས་སུ་སླར་ཡང་དགྲ་འགོག་དམག་འཁྲུག་མུ་མཐུད་གནང་རྒྱུ་ཡིན་ལུགས་གསུང་འདུག་ཀྱང་། ཁོང་རྣམས་ཆབ་་མདོར་སླབས་རྗེས་ང་ཕོད་ཡུལ་གཤིས་ལ་རྩ་རྒྱ་དམག་ཕེབས་བསུར་བཅར་ཟིན་པའི་གནས་ཚུལ་ཐོས་འབྱོར་བྱུང་བར་བརྟེན། མུ་བྱ་ཤོག་ནས་ཅི་བྱ་མེད་པར་ཆབ་མདོའི་གོ་མཛོད་མེར་བསྲེགས་བཏང་གནང་བ་ལས་གཞན་གྱི་བྱ་ཐབས་རྦད་དེ་ཟད་ཡོད་པ་རེད་ཅེས་ནང་རྒྱུས་ཅན་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག” ཅེས་དང་།
“མདོར་ན་སྡེ་སྲས་དང་ང་ཕོད་གཉིས་ནས་ངན་པ་ཁ་མཐུན་གྱིས་རྒྱ་དམར་བོད་ཤར་ཕྱོགས་དར་རྩེ་མདོར་སླེབས་སྐབས་ནས་འབའ་པ་སྐལ་བཟང་བཀྲ་ཤིས་ལ་རྒྱ་ཡིག་འབྲི་ཀློག་བྱེད་དུ་བཅུག་སྟེ། ལྐོག་ཏུ་རྒྱ་དམར་བཙན་འཛུལ་བར་མགོ་འདོགས་ཀྱི་གསང་འབྲེལ་ལོ་རྒྱུས་རྣམས་བོད་གཞུང་གིས་མཁྱེན་རྟོགས་མི་ཡོང་བའི་ཁོ་པ་ཚོ་དང་རྒྱ་དམར་གཉིས་ངན་པ་ཁ་མཐུན་གྱིས་བོད་གཞུང་མདུན་གཡོ༢༠༠༩་འཕྲུལ་སྣ་ཚོགས་བཏོན་པ་དང་། ཁོ་པ་གཉིས་ཀྱིས་བཅོས་མའི་རྫུན་འབག་གྱོན་ཏེ་མགོ་གཉིས་མའི་གདོང་རིས་ཕྱིར་མི་མངོན་པའི་འཁྲབ་སྟོན་ཡོད་རྒུ་བྱས། མདོ་སྤྱི་ང་ཕོད་ཝ་མོ་སྟག་ལ་བརྫུས་ཏེ་བོད་གཞུང་གི་སྐུ་ཚབ་ཀྱི་མཚན་གནས་བེད་སྤྱོད་ཀྱིས་ཞི་བའི་བཅིངས་འགྲོལ་ཞེས་པའི་ཁུངས་ལུང་རྒྱུ་མཚན་སྤུ་ཙམ་ཡང་མེད་པའི་ཚིག་རིས་དེར་ངོས་ལེན་དང་། རྒྱ་དམར་བཙན་འཛུལ་པས་མི་སེར་སྤེལ་བྱེད་རིང་ལུགས་ཀྱི་དགོས་དབང་རང་འདོད་ཁེ་སྒྲུབ་ཀྱི་གྲོས་ཆོད་དོན་ཚན་༡༧ ཞེས་པར་བོད་གཞུང་གི་རྟགས་ཐམ་ལྐོག་ཏུ་བརྫུན་བཟོས་ཀྱི་ས་རྟགས་བརྒྱབ་སྟེ་ཚབས་ཆེའི་ནག་ཉེས་བསགས་པ་ནི་རྒྱ་བོད་གཉིས་ཕྱོགས་ཀྱི་ལོ་རྒྱུས་དངོས་ཀྱི་ནང་དུ་ས་རིས་ཐང་གསལ་གྱི་གནད་དོན་ཞིག་ཡིན། འོན་ཀྱང་ཕྱོགས་རེས་རིང་ལུགས་ཀྱིས་མིག་ཡོངས་སུ་སྒྲིབ་པའི་སྐྱེ་བོ་དག་ནས་ང་ཕོད་ལ་མཛེས་རྒྱན་སྤྲས་ཀྱི་ཡོད་པ་རེད། གང་ལྟར་ཕྱི་ལོ་༡༩༤༩་ལོ་ནས་བཟུང་ང་ཕོད་དང་སྡེ་སྲས་སྐལ་བཟང་དབང་འདུས་གཉིས་ཀྱིས་རྒྱ་དམར་བཙན་འཛུལ་བའི་ཆེད་དུ་བོད་དང་བོད་མི་ཉོ་ཚོང་ཇི་བྱས་སྐོར་རྒྱ་དམར་གྱི་ལོ་རྒྱུས་ཡིག་ཆ་ནང་བྱས་རྗེས་གཏན་འཁེལ་ཟིན་པ་ཞིག་དང་། སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ཉེས་དཔང་ཞིག་ཏུ་གྱུར་པ་རེད།” ཅེས་ལོ་རྒྱུས་ཀྱི་ཉེས་ཆེན་པ་ཞིག་ཏུ་ངོས་བཟུང་འདུག
“གོང་གསལ་གྱི་གནས་ཚུལ་ཁག་ཅིག་སྨར་ཁམས་ཕུ་བ་དཔོན་དང་མུ་བྱ་མདའ་དཔོན་གཉིས་ཕན་ཚུན་མཛའ་འབྲེལ་ཆེ་ཙམ་བྱུང་བའི་ནང་མའི་བཀའ་སློབ་བྱུང་ལུགས་ཕུ་དཔོན་འདས་པོའི་གསུངས་པའི་ལོ་རྒྱུས་ཡིན།” ཞེས་པ་འདི་དག་ནི་སྤྱིར་བཏང་གི་མིའི་བསམ་ཚུལ་ཙམ་མ་ཡིན་པར་སྐབས་དེར་དངོས་སུ་གཡུལ་སར་ཞུགས་པའི་དཔའ་རྒོད་རྣམ་པའི་སེམས་ཀྱི་རྨ་ཁའི་ཁོང་ཁྲག་ཁ་ནས་ལུད་པ་དག་ཡིན་ནོ།།
གཞན་ཡང་དེང་གི་ཚགས་པར་སོགས་བརྒྱུད་ལམ་གཞན་ན་ཡང་བགོ་གླེང་མང་པོ་བྱས་ཡོད་དེ། ༢༠༠༩ ལོའི་ཟླ་༡༢ ཚེས་༢༦ ཉིན།<བོད་ཀྱི་བང་ཆེན།> ཚགས་པར་དུ། “ང་ཕོད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་མྱ་ངན་ཞུ་འོས་སམ།” ཞེས་པའི་ཁ་བྱང་འོག སྐབས་དེར་བཀའ་ཤག་གི་ངོས་ནས་ང་ཕོད་ལ་མྱ་ངན་གུས་འདུད་ཞུས་ན་འོས་ཚུལ་དང་མི་འོས་ཚུལ་གྱི་ཚབ་མཚོན་ལྟ་བུའི་བསམ་ཚུལ་གཉིས་རིམ་བཞིན་བ༹ཀོད་པའི་རྗེས་ལ། སྡོམ་ཚིག་གཙོ་བོ་འདི་འདྲ་ཞིག་བཀོད་འདུག་སྟེ།
“ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༦ ནས་ ༢༠ རྒྱ་གཞུང་ལ་མགོ་འདོགས་ཞུས། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྣེ་འཁྲིད་པའི་འཐུས་མི་ཚོས་པེ་ཅིན་ནས་༼བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐན་དོན་ཚན་བཅུ་བདུན༽ཟེར་ བར་མིང་རྟགས་བཀོད། ང་ཕོད་ངག་དབང་འཇིགས་མེད་ལ་མཚོན་ན། ངོ་ལོག་ཟིང་འཁྲུག མང་གཙོའི་བཅོས་བསྒྱུར། རིག་གནས་གསར་བརྗེ་སོགས་ཀྱི་ལས་འགུལ་གང་གི་སྐབས་སུའང་རྡུང་རྡེག་དང་འཐབ་རྩོད་ཅི་ཡང་ཕོག་མེད།”
“ཁོའི་གཏམ་བཤད་དང་རྩོམ་བྲིས་འདྲ་མིན་སྣ་ཚོགས་ཞིག་སྤེལ་ཡོད་ཀྱང་དོན་སྙིང་ནི་མཐའ་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༨ ཉིན་བོད་རིགས་མི་མང་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་མུས་ཀྱི་སྐབས་དེར་སྤེལ་བའི་གཏམ་བཤད་ནང༌། རང་ཉིད་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་ལོ་བརྒྱ་ཐམ་པའི་སྔ་ཕྱིའི་གནས་སྟངས་དང༌། རྣམ་པ་མི་འདྲ་བའི་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཡོད་པའི་དཔང་མི་ཞིག་ཡིན་པ་གླེང་གཞི་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱིས་དུས་ནམ་ཡང་བོད་འདི་མེས་རྒྱལ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང༌། བོད་རང་བཙན་ནི་བོད་ཀྱི་ལོག་སྤྱོད་རུ་ཁག་གིས་བོད་འདིར་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་པའི་དམིགས་ཡུལ་ཞིག་ཡིན་པ་བཅས་གླེང་ཡོད། འདི་ནི་ཁོ་རང་མི་ལོ་བརྒྱ་ཐམ་པར་འཚོ་གཞེས་རིང་གི་གླེང་གཏམ་མཐའ་མ་དེ་རེད།” ཅེས་སྐྱོན་བརྗོད་བྱས་འདུག
ད་དུང་དེ་དུས་ཁ་བརྡ་དྲ་ཚིགས་སུ། སྤོབས་པ་མཐའ་ཡས་ཟེར་བས།
“ང་ཚོས་དྲྭ་ཐོག་ཏུ་ཉིན་འདི་འགའི་རིང་ང་ཕོད་ངག་དབང་འཇིགས་མེད་གྲོངས་པ་དང་བསྟུན་ནས་ཁོ་གསོན་པའི་རིང་གི་བྱ་སྤྱོད་ལས་འཕྲོས་ཏེ་མང་པོ་ཞིག་བཤད། མི་མང་པོ་ཞིག་གིས་ང་ཕོད་ནི་བྱས་རྗེས་ཆེ་བའི་རླབས་ཆེན་མི་སྣ་ཞིག་ཡིན་ཚུལ་དང་། ལ་ལས་བླ་མ་ཆེ་གེ་མོས་ལུང་གིས་ཟིན་པའི་བདུད་ཅིག་ཡིན་ཚུལ་སོགས་སྡུག་ཚུལ་ཟུར་ཙམ་རེ་གླེང་སོང་། ཡིན་ན་ཡང་མི་མང་པོ་ཞིག་རང་གི་བསམ་ཚུལ་ངོ་མ་དེ་ཤོད་འདོད་མེད་པའམ་བཤད་རྒྱུར་ཞེད་ཀྱིན་ཡོད་པ་འདྲ། ངས་ལོ་རྒྱུས་དང་ཆབ་སྲིད་སོགས་གང་ཡང་མི་ཤེས་མོད་བོད་མི་དཀྱུས་མ་ཞིག་གི་གོ་མྱོང་ལས་བྱུང་བའི་སེམས་ཚོར་དེ་འདིར་བཤད་འདོད་བྱུང་། སྤྱིར་ང་ཚོའི་མགོ་ཐོག་ཏུ་ལྷུང་བའི་ཆག་ཆེ་ཉམས་ང་ཡོངས་རྫོགས་ང་ཕོད་མི་གཅིག་གིས་བཟོས་པ་ཡིན་ཟེར་ན་ཐལ་ཆེ་ལོས་འགྲོ་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་དུ་ང་ཕོད་ཀྱིས་བསགས་པའི་ནག་ཉེས་དེ་ཡང་ཆུང་ཆུང་ཞིག་མིན། མདོ་ཚུར་བསྡུས་ན་ང་ཕོད་ལ་གདམ་ཀ་གཞན་མེད་དུ་ཆུག་ཀྱང་ང་ཕོད་ཀྱིས་ཆབ་མདོའི་གོ་མཛོད་མེར་བསྲེགས་སྐབས་ཁོ་ག་རེ་བྱས་ནས་མེ་ནང་དུ་ལྕེབས་ནས་ཤི་མ་ཐུབ་པ་རེད། དང་པོ་ཁོས་གོ་མཛོད་མེར་བསྲེགས་ནས་ཝ་བྲོས་བྱས་ཤིང་འབྲོ་ས་མ་རག་སྐབས་མགོ་འདོགས་བྱས། དམག་དཔོན་ཟེར་བ་དེས་འཐབ་དགོས་པ་རེད། རྒྱལ་ཁ་ལེན་དགོས་པ་རེད། དེ་མ་བྱུང་ན་ཤི་ཐུབ་དགོས་པ་རེད། སྲོག་ཁྲིམས་ཡོད་སའི་ལུང་པ་ཞིག་ཡིན་ན་དམག་དཔོན་ཞིག་གིས་བྱས་ཉེས་དེ་འདྲ་ཞིག་བྱས་ན་སྲོག་ཁྲིམས་ཀྱི་ཉེས་ཆད་མ་གཏོགས་འགྲོ་ས་མེད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་མ་བཀོད་གོང་ང་ཕོད་ཀྱིས་ག་རེ་བྱས་ནས་དུག་འཐུང་ནས་ཤི་མ་ཐུབ་པ་རེད། འདི་མི་གཅིག་གཉིས་ཤིག་གི་ཚེ་སྲོག་གི་གནད་དོན་མ་རེད། ཁྱིམ་ཚང་གཅིག་གཉིས་ཤིག་གི་འབྱོར་རྒུད་ཀྱི་གནད་དོན་མ་རེད། འདི་རྒྱལ་ཁབ་ཅིག་ཤིི་གསོན་གྱི་གནད་དོན་ལ་ཐུག་ཡོད་རེད། ཉི་མ་དེ་ལ་ཁོས་རྒྱལ་ཁབ་ཅིག་གི་ཚེ་སྲོག་ལས་ང་ཕོད་རང་གི་ཚེ་སྲོག་བདམས་པ་རེད། སྡེ་པ་གཞུང་གི་བཀའ་དྲིན་ལས་གུང་ཁྲན་ཏང་གི་གཡོ་སྒྱུའི་འཛུམ་མདངས་དེ་བདམས་པ་རེད། རྒྱལ་བ་རིན་པོ་ཆེའི་ཞལ་བཀོད་ལས་མའོ་ཙེ་ཏུང་གི་ལམ་སྟོན་བདམས་པ་རེད། མདོར་ན་བོད་མི་མང་ལས་ཁོ་རང་གི་གོ་གནས་དེ་བདམས་པ་རེད། ཁོས་བོད་མི་མང་བློས་གཏོང་ཐུབ་ས་ནས་ང་ཚོས་ག་རེ་བྱས་ནས་ཁོ་བློས་མི་ཐོང་བ་རེད།” སོགས་རྩོམ་ཡིག་ཅིག་སྤེལ་བར་མཆན་འགོད་པ་མང་པོ་བྱུང་ཡོད། ཚབ་མཚོན་ལྟ་བུ་ཞིག་བཀོད་ན།
“བོད་གཞུང་གིས་ང་ཕོད་ལ་ “བཀའ་ཟུར་”ཞེས་ཚུར་འཐེན་ཏེ་ཧ་ལམ་དཀར་འདོན་བྱས་སོང་ང་། བཀའ་ཤག་གིས་ལངས་ཕྱོགས་བརྟན་པོ་མ་བཟུང་བའི་སྐྱོན་གྱིས་ མི་མང་ལ་ལམ་ཁ་རབ་རིབ་ཅིག་ལས་ག་ལ་ཡོང་། ད་ཐེངས་བཀའ་ཤག་གིས་ཀྱང་། ང་ཕོད་ལ་གནས་ཚུལ་འདི་དང་འདི་ནས་ནག་ཉེས་ཡོད། ང་ཕོད་ཀྱི་བྱེད་ལུགས་འདི་དང་འདི་ལ་འགྱོད་པ་ཡོད། ཅེས་གསལ་པོར་གསུངས་ཡོད་ན་བསམས་ཀྱི་འདུག ང་ཕོད་འདི་ དངོས་རྫས་ཤིག་ཡིན་པ་ཆ་བཞག་ན། བོད་ལ་གྱོང་དང་རྒྱ་ལ་ཁེ་ཕན་ཅན་གྱི་དངོས་རྫས་ཡིན་པ་རེད།” ཅེས་སོགས་ཀྱི་མཐུན་ཕྱོགས་མང་ལ།
“ང་ཕོད་ལ་ནོར་འཁྲུལ་མེད་པ་བཀའ་ཤག་གིས་གང་དུའང་གསུངས་མི་འདུག མི་ཤི་དུས་མྱ་ངན་ཞུས་པ་རེད། དེ་ཡང་བཀའ་ཟུར་ཞིག་ཡིན་པའི་ཆ་ནས་དང༌། དོན་ཚན་བཅུ་བདུན་འཇོག་སྐབས་ཐེལ་ཙེ་ངོ་མ་ཡོད་བཞིན་དུ་མ་བརྒྱབ་པ་རྫུན་མ་ཞིག་བརྒྱབ་ནས་པྱིར་གཤེགས་བྱེད་ས་ཞིག་བཟོས་པ། རྒྱ་གཞུང་ནས་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲི་གཙོ་སྐྱོང་གོ་མན་ཏང་གིས་བྱས་པ་ཟེར་བའི་རྫུན་གཏམ་ལ་རྒོལ་ལན་བཏབ་པ། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་དགོས་པའི་ལངས་ཕྱོགས་གསལ་སྟོན་བྱས་པ། མི་རིགས་ང་དྲུག་ནང་ནས་བོད་ལ་དམིགས་བསལ་གྱི་ཐོབ་ཐང་དགོས་པའི་དགོས་འདུན་ལན་མང་བཏོན་པ་སོགས་རྒྱུ་མཚན་དུ་བྱས་ནས་མྱང་ངན་ཞུས་པ་རེད། ང་ཕོད་ཀྱི་སྐྱོན་བརྗོད་དགོས་པའི་ཉིན་མོ་ཞིག་ལ་བརྗོད་ཀྱི་རེད། ཤི་བ་དང་བསྟུན་ནས་བརྗོད་དགོས་དོན་མེད་པ་རེད།”ཅེས་པ་སོགས་ཀྱི་བསམ་ཚུལ་ཅན་ཡང་འགའ་རེ་འདུག
ད་དུང་སྐབས་དེར་བོད་ཀྱི་རླུང་འཕྲིན་ཁང་སོགས་སུ་ང་ཕོད་སྐོར་ལ་བཅར་འདྲི་བྱས་པ་འགའ་རེ་འདུག་ལ།་བཟང་ཕྱོགས་ནས་བཤད་ཚུལ་ཡང་གོང་གི་བཀའ་ཤག་གི་རྗེས་དྲན་གུས་འདུད་ནང་བཀོད་པ་དང་ཕལ་ཆེར་མཐུན་པས་དེ་ཙམ་གྱིས་འཐུས་པར་བྱའོ།།
ཅ༽ མཇུག་བསྡུ་བའི་གཏམ།
ང་ཕོད་ངག་དབང་འཇིགས་མེད་ཀྱི་བཟང་ཕྱོགས་ནས་གླེང་དགོས་པ་དག་ཕལ་ཆེར་བཀའ་ཤག་གི་རྗེས་དྲན་གུས་འདུད་དེ་ལས་ལྷག་ཅིག་དཀའ་ཚོད་རེད་ལ། ང་ཕོད་ཀྱི་སྐད་ཆ་ཁ་ཤས་དང་བྱ་བ་དེ་ཙམ་ཞིག་ལ་བོད་གཞུང་དམངས་ཀྱིས་གུས་འདུད་དང་བཅས་རྗེས་དྲན་ཞུ་འོས་པ་ཞིག་ཆགས་མེད།
ང་ཕོད་ཀྱིས་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་བསྡུས་པའི་ཁམས་ཁུལ་ཀྱི་སེར་རིལ་དམག་མི་དགོས་པར་བཏང་བ་དེ་བོད་ཀྱི་དམག་ཤུགས་ཇེ་ཆུང་ལ་བཏང་བ་ཡིན། ང་ཕོད་ཀྱིས་གཡུལ་ས་བསྐྱུར་ནས་རྫ་ཆུ་ཁ་བརྒྱུད་དུ་ཉེན་ཡོལ་གསང་ཡིབ་བྱས་ཚུལ་དེ་ནི་དམག་སྤྱི་ཞིག་གི་འགན་རྩ་བ་ནས་མ་ཁུར་བའི་ཆེས་སྡར་མའི་བྱ་སྤྱོད་ཡིན། ང་ཕོད་ཀྱིས་དམག་དང་གོ་མཛོད་ཡོད་བཞིན་དུ་གཡུལ་ས་དང་པོའི་དམག་དཔུང་ལ་རྒྱབ་སྣོན་རོགས་རམ་མ་བྱས་པ་དེ་དགྲ་བོར་དངོས་སུ་དམག་རོགས་བྱས་པ་དང་གཅིག་ཡིན། ང་ཕོད་ཀྱིས་སྡེ་སྲས་སྐལ་བཟང་དབང་འདུས་དང་ངན་པ་ལག་འབྲེལ་བྱས་ཚུལ་དེ་འདྲ་ལ་ནང་རུལ་པའི་བྱ་སྤྱོད་ཟེར། རང་ཕྱོགས་ལ་ཆེས་གནོད་པའི་ནང་དགྲ་དེ་ཡིན། དམག་ཁྲིམས་ལྟར་ན་ངེས་པར་སྲོག་ཁྲིམས་གཅོད་དགོས་པའི་ཉེས་པ་ཡོངས་སུ་ཚང་འདུག མགོ་བཏགས་མ་ཐག་ཏུ་རྒྱ་དམག་གི་རྒྱུག་ཁྱི་བྱས། བོད་གཞུང་གི་སྐུ་ཚབ་མིང་ཐོག་ནས་ཆེས་ནོར་འཁྲུལ་ཅན་གྱི་གྲོས་མཐུན་ངོས་ལེན་བྱས་པ་དེ་ལས་ལྷག་པའི་རྒྱལ་འཚོང་གི་བྱ་བ་ཅི་ཡོད།
“རྒྱ་གཞུང་གིས་ཐོག་མཐའ་བར་གསུམ་དུ་ང་ཕོད་ལ་སྲུང་སྐྱོབ་དང་བསྟོད་པ། གདེང་འཇོག མྱ་ངན་གུས་འདུད་ཆེན་པོ་བྱས་ཚུལ་ལ་ལྟོས་དང་། བོད་ལ་ཕན་པའི་མི་སྣ་སུ་ཞིག་ལ་རྒྱ་ནག་གིས་ཡག་པོ་བྱས་སོང། གཅིག་ཀྱང་མེད་པ། རེ་རེ་བཞིན་བསད་སོང་ང། བཙོན་ལ་བཅུག་སོང་ང། མགོ་འགྱོག་ས་མེད་པ། འོ་ཡ་ད། དགྲ་དགའ་གཉེན་སྡུག་ཟེར་བ་དེ་སུས་བྱས་འདུག་ཟེར་ན ང་ཕོད་ལགས་ཀྱིས་བྱས་འདུག་ག ཧ་གོ་སོང་ངེ།” འདི་ནི། ངའི་བརྩམས་སྒྲུང་ཞིག་གི་མི་སྣའི་སྐད་ཆ་ཡིན།
ང་ཕོད་ཀྱི་གསང་མགུར།
གཡུལ་ས་བསྐྱུར་ནས་འཆམ་ཉུལ་ང་ཡིས་ཕོད། །ནག་ཕྱོགས་དགྲ་དང་ངན་འབྲེལ་ང་ཡིས་ཕོད། །ཆེ་ཆེའི་གོ་གནས་ལེན་པར་ང་ཡིས་ཕོད། །ང་རང་དོན་ལ་ང་ཡིས་ཅི་ཡང་ཕོད། །ངན་པ་ཚེ་རིང་མི་ལོ་བརྒྱ་ཡང་ཐུབ། །ང་ཕོད་ང་འདྲ་རྒྱ་བོད་གཉིས་ན་དཀོན། །
ང་ཕོད་ཀྱི་གནད་དོན་ཆེ་ས་ནས་གླེང་བའི་ཁུལ་ཡིན། བྱ་སྤྱོད་བྱེ་བྲག་པའི་ཐོག་ནས་བཟང་ངན་མཐོང་ཐོས་ཡོད་པའི་སྐད་ཆ་ཡང་མང་ཙམ་ཡོད་འདུག་ལ། དགོས་གལ་བྱུང་ན་རྗེས་སུ་ཁ་སྣོན་བྱེད་ཆོག གཟུར་གནས་བློ་དང་ལྡན་པ་ཚོས་རྒྱུ་མཚན་ཁུངས་ལུང་ཡོད་པའི་སྒོ་ནས་བཟང་ཕྱོགས་གླེང་ན་འོས་ལ་དགག་རྩོམ་བྲིས་ན་དེ་བས་ཀྱང་དགའ་བས་བསུ། བོད་རྒྱལ་ལོ་༢༡༤༩ ཆུ་ཕོ་སྟག་གི་ལོ་མཇུག་གི་གནམ་གང་ལ་མཇུག་གྲུབ་པར་བྱས་པའོ།། །།