གློག་བརྙན་ "གསའ" ལས་འཕྱོ་བའི་ཚོར་སྣང་རྨས་མ།
བཀླགས་གྲངས། 725
གསའ་།
གངས་ཀྱི་རི་ཚོམ་ལྕགས་རིའི་ཚུལ་དུ་གྲུབ་ཀྱང་ཤར་རླུང་དམར་པོའི་རླབས་ཕྲེང་མ་ཁོག།
གངས་རིའི་རྣམ་ཤེས་གངས་གཟིག་ཡིན་ཟེར་རི་སྤྱང་སྔོན་མོའི་དཔུང་དང་བསྡེབས་ཡོང།།
གངས་ཅན་པ་རྣམས་སྙིང་རྗེའི་བདག་པོ་ཡིན་ཟེར་བཙན་དབང་འོག་ན་ཉམ་ཆུང་ཡང་།།
གངས་གཟིག་ཅིག་གིས་གངས་རིའི་བདེ་སྡུག་གླིང་ལ་བཤམ་པའི་རྫུ་འཕྲུལ་ངོམ།།
རྩ་ཆེའི་རི་དྭགས་རྩ་བརླག་འགྲོ་བའི་ཉེན་ཁ་འདི་དག་ཇི་ལྟར་སླེབས།།
རི་རྒྱ་ཀླུང་རྒྱ་སྡོམ་པའི་མེས་པོའི་གནའ་ཁྲིམས་བཟང་པོ་སླར་ཡང་དྲན།།
རི་མཐོ་ས་གཙང་མཁའ་རླུང་དྭངས་མིའི་ཁ་བའི་ལྗོངས་དེ་ཇི་ལྟར་ཉམས།།
ས་རྐོ་རྡོ་སློག་སྡོང་གཅོད་ཆུ་རྙོག་ཆོས་ལྡན་བོད་ལ་བྱུང་རབས་མེད།།
སྟོངས་ཉེན་གང་ཞིག་རྩ་ཆེན་ཡིན་དོན་གཞན་ལ་ངོམ་སོའི་ཚོང་རྫས་ཏེ།།
བྱི་ལ་དོམ་ཁྲ་གཡར་རིན་ཙམ་ཡང་སྟོང་ལུག་ཅིག་གི་རིན་གྱིས་མིན།།
ལྷ་ཡི་སྒོ་ཟོག་གངས་རིའི་རྣམ་ཤེས་ཡིན་སྙམ་རྨོངས་དད་པ་ཡིན་ན་ཡང།།
རང་བྱུང་ཁམས་ཆེན་སྲུང་བའི་ཐབས་མཆོག་དེ་ལས་ལྷག་པ་སུ་ཡིས་མཁྱེན།།
རྫ་ཁའི་ལུག་རྫིའི་གཡང་དཀར་ཁྱུ་ལ་གངས་གཟིག་ངར་མས་མཆེ་སྡེར་བགྲད།།
རྒྱལ་ཁྲིམས་བཙན་པོའི་ལྕགས་སྒྲོག་དམ་པོས་ཁྱིམ་བདག་སྙིང་ལ་རྩེ་གྲི་བསྣུན།།
ཁྲ་བོ་གསའ་དང་དམར་པོ་གསའ་ཡི་གསང་བའི་གཏམ་རྒྱུད་གཏེར་དུ་སྦས།།
གློག་གི་བརྙན་ལས་གསོན་པའི་གཟུགས་ཀྱིས་ལྟད་མོ་བ་རྣམས་བེམ་པོར་བཏང།།
འབྲོག་ཁྱིམ་ཞིག་གི་གྱོང་གུད་འདི་ཡང་མི་རིགས་ཤིག་གི་ཉམས་རྒུད་དེ།།
མེ་མདའ་བཟུང་བའི་མགྲོན་པོ་གང་དག་གསའ་སྤྱང་དཔུང་ལས་འཇིགས་སུ་རུང།།
རྨོངས་དད་ཀྱིས་བསྒྱུར་བརྩེ་བ་དེ་ཡང་རང་མགོ་རྨོངས་བྱེད་སྒྲིབ་ཞྭ་ཞིག།
གངས་ཀྱི་རྣམ་ཤེས་ངོ་མ་འཚོལ་ན་རང་དབང་རྣམ་དཔྱོད་འོད་དང་སྡེབས།།