Back To Top

བོད་ཀྱི་སྲང་ལམ།

བོད་ཀྱི་སྲང་ལམ་དབུ་འབྱེད་དང་། མེ་ལམ་རྒྱུན་སྐྱོང་དང་འབྲེལ་བའི་ཚོར་སྣང་ར་བཟི་མ།

བཀླགས་གྲངས། 115

ཀ༽

 

བོད་ཡོད་ས་ན་ལམ་ཡོད།
ལམ་ཡོད་ས་ན་གྲོགས་ཡོད།

 

སང་ལམ་འདི་ཆུང་ངུ་ཞིག་ཡིན་ཡང་།
ལམ་འགྲོ་བ་གང་མང་ཞིག་ཡོང་ངེས་ལ།
ལམ་གྲོགས་ཀྱང་མང་པོ་ཞིག་རྙེད་ངེས།

 

རང་ས་སྤར་མོ་གང་མེད་ས་ནས།
རང་དབང་གི་ལམ་ཞིག་རྙེད་དཀའ་ཡང་།
གནས་ཚང་བཀའ་དྲིན་ཅན་ཚོས།
ང་ལ་ཡང་སྲང་ལམ་ཞིག་གཡར་བྱུང་།

 

གནའ་སྔ་མོ་ཡང་རྐང་ལམ་ཕྲ་མོ་རེ་བརྒྱུད་དེ།
གཞུང་ལམ་ཆེན་མོ་བཏོད་མྱོང་བ་བཞིན།
བོད་ཀྱི་སྲང་ལམ་འདི་ནས་ཀྱང་།
རྒྱང་རིང་གི་བོད་ལ་བསྐྱོད་ཐུབ་ཅིང་།
མཛའ་འབྲེལ་གྱི་གཞུང་ལམ་ཆེན་མོ་ཞིག་འབྱུང་སྲིད།

  

ལམ་ཚང་མ་ཐུན་མོང་བའི་ལམ་སྟེ།
སུས་ཀྱང་སྒེར་བདག་བྱེད་མི་ཆོག་པ་ལྟར།
བོད་ཀྱི་ལམ་ཆེན་ངོ་མ་སྟེ།
ཆོས་དང་རིག་གཞུང་དག་ཀྱང་།
མིའི་རིགས་སྤྱི་ཡི་ལོངས་སྤྲོད་དུ་དབང་བས།
སུ་ཞིག་གིས་བཙན་དབང་སྒེར་སྤྱོད་བྱེད་ཆོག་གམ།

 

བོད་པ་ཚོ།
ལམ་ལ་ཆས་ཤོག
སྲང་ལམ་ཆུང་ངུ་ཞིག་ལས་མེད་ཀྱང་།
ཀྱག་ཀྱོག་དང་འགག་འཕྲང་མང་ན་ཡང་།
བོད་སྐད་བཤད་ཅིང་བོད་ཡིག་བྲིས་ནས།
མ་ཤི་བར་དུ་མདུན་དུ་སྐྱོད་དང་།
ལམ་ཇེ་ཆེ་དང་ཇེ་རིང་ལ་འགྲོ་ངེས་པས།
ཇི་སྲིད་དུ་བོད་སྐྱོད་ལམ་ཞིག་ཡོད་ན།
དེ་སྲིད་དུ་བོད་མི་དང་བོད་སྐྱོད་འགྲུལ་བ་ཡང་མཚམས་མི་འཆད།།

 

ཁ༽

 

བོད་ལ་ད་དུང་མེ་ལམ་ཞིག་ཀྱང་ཡོད།
མེ་ལམ་འདི་ནས།
ད་བར་དུ་གསོན་པོར་བསྲེགས་སོང་ཅི་འདྲ་མང་ཨང་།
དཔའ་རྒོད་གདོང་མཆོང་བ་ཐུབ་བསྟན་དངོས་གྲུབ་ནས།
དེ་རིང་གི་དཔའ་རྟུལ་བློ་དགའ་རང་བཙན་བར་དུ།
བརྒྱ་ཕྲག་གཅིག་དང་བདུན་ཅུའི་མེ་ལྕེ་ཆེན་པོ་དག་གཅིག་ཏུ་འབར་ན།
ས་ཆེན་པོ་འདི་འབར་སྲིད་ལ།
མཚོ་ཆེན་པོ་ཡང་སྐམ་སྲིད།
དེ་ཅིའི་ཕྱིར་ཡིན་ནམ།

 

མེ་སྒྱོགས་ཀྱིས་བཙན་འཛུལ་བྱས་པའི་ལོ་དེ་ནས།
བཙན་དབང་གིས་གཉའ་ནས་མནན་པའི་དེ་རིང་གི་བར་དུ།
བསད་སོང་དང་རྨས་བཞག་པ་ཁྲི་ཕྲག་དུ་མ་སྟེ།
དེ་ཀུན་གྱི་ཁྲག་རྒྱུན་མཉམ་གཅིག་ཏུ་བཞུར་ན།
འབྲི་ཆུ་སྔོན་མོ་ལས་རྒྱུན་རིང་སྲིད།
ཁྲི་ཤོར་རྒྱལ་མོ་ལས་རྒྱ་ཆེ་སྲིད།
དེ་ཅིའི་ཕྱིར་ཡིན་ནམ།

 

སྐུ་གཤེགས་དཔའ་བོ་དཔའ་མོ་རྣམ་པའི་འབོད་སྒྲ་ཐོས་ཡོད་དམ།
ཟུངས་ཁྲག་དྲོན་མོས་བྲིས་པའི་ཡི་གེ་མཐོང་ཡོད་དམ།
གལ་ཏེ།
དེ་ཀུན་མ་གོ་མ་མཐོང་ཡང་།
ཁ་སང་གི་གསོན་པོའི་ཞལ་ཆེམས་དྲོན་མོ་སྟེ།
སྐར་ཆ་དྲུག་ཅན་གྱི་བརྙན་ཐུང་དེ།
ས་སྟེང་འདིར་ཁྱབ་ཡོད་ལ།
གཤིན་རྗེ་ཆོས་རྒྱལ་གྱིས་ཀྱང་གཟིགས་ཡོད་ངེས།

 

ད་ནས་བཟུང་མེ་ལམ་འདི་འཆད་པར་སྨོན།
ད་ནས་བཟུང་གསོན་ལམ་ནས་སྐྱོད་པར་སྨོན།

 

ཁ་བ་གངས་ཅན་པ།
ཀ་ཁ་ག་ངའི་བདག་པོ།
གངས་ཅན་མགོན་པོའི་གུས་འབངས།
མ་ཎི་ཡིག་དྲུག་གི་སྲུང་མ།
འཚེ་མེད་ཞི་བའི་བདེན་པའི་ལམ་ཆེན་དུ་སྐྱོད་ཅིག།
བོད་ཀྱི་སྲང་ལམ།
བོད་ཀྱི་མེ་ལམ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།