བཀླགས་གྲངས། 213
མེ་མདའི་ཁ་ནས་སྲིད་དབང་འཕྲོགས་ཤིང་།
མི་རིགས་ཆེན་པོའི་དར་ཆེན་བསྒྲེངས་ཏེ།
མུ་མཐུད་བཙན་འཛུལ་གཡུལ་འགྱེད་བྱས་པའི།
མོ་དབང་ཆོ་འཕྲུལ་བསམས་ན་འཇིགས་པ།།
ཁྱོད་ཚོས་རྒྱ་དར་ཕྱར་ནས་རྒྱལ་སྟོན་བསུ།
བདག་གིས་བོད་དར་བཟུང་ནས་སྡུག་སྐད་འདོན།
ཆོས་ལྡན་བོད་ཀྱི་མངའ་ཐང་སུ་ཡིས་འཕྲོགས།
རང་ས་རང་བདག་མི་དབང་སུ་ཡིས་བཟུང་།།
ཁྱོད་ཚོས་རྒྱ་སྐད་བཤད་དེ་རྒྱ་གླུ་གཏོང་།
བདག་གིས་བོད་སྐད་དག་མས་བོད་གླུ་ལེན།
གངས་ཅན་པ་ཡི་བླ་སྲོག་སྐད་ཡིག་ཡིན།
དབྱངས་གསལ་སོ་བཞིའི་དབྱངས་རྟ་ཉམས་པ་མེད།།
ཁྱོད་ཚོས་རྒྱ་གྲོང་ཉུལ་ནས་རྒྱ་ཡུལ་སྡོད།
བདག་གིས་ས་མཐའ་འགྲིམས་ཏེ་བོད་ཡུལ་དྲན།
ཕྱིར་ལོག་རང་དབང་ནམ་ཞིག་ཡོད་ན་སྙམ།
རང་ས་རང་གིས་སྐྱོང་ལ་རེ་བས་ཁེངས།།
རྒྱ་མི་བོད་ལ་འཚང་བ་ཟློག་དཀའ་ཡང་།
བོད་མི་རྒྱ་གྲོང་ནང་ལ་མ་འཐོར་ཨང་།
མགོ་ནག་རྩམ་གཟན་བརྟུལ་ཞུགས་བོར་བ་ན།
མི་རབས་གསར་བས་མིག་དཔེ་གང་ལ་བལྟ།།
སྐར་མ་ཟུར་ལྔའི་དམར་མདངས་ཁྲག་ལ་འདྲེས།
ཁྲག་གི་ཟེགས་མ་གངས་ཅན་ལྗོངས་ལ་ཁྱབ།།
གངས་སེང་ཆོས་སྲིད་ཟུང་གི་རྒྱལ་དར་ཆེ།
མི་རིང་གངས་རིའི་སྤོ་ལ་འཛུགས་ངེས་ཡིན།།