གཟུངས་མོ།
བཀླགས་གྲངས། 832
མིག་གཉིས་ག་ལེར་བཙུམ་ཚེ།
ཉི་མའི་སྣང་བ་བོར་བའི་མཚན་མོ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག
ང་ཚོའི་ཡིད་ཀྱི་ཞིང་ཁམས་ལ་ལྷུང་པའི་ཆག་འཇིག
གཅིག་བྱས་ན། ཁྱེད་ཀྱི་སྡུག་བསྔལ་གྱི་གྲོལ་ཐག་ཅིག་ཡིན་ཡང་སྲིད།
སྐྱེ་རྒ་ན་འཆི་འཇིག་རྟེན་ཆོས་ཉིད་དུ་གྲུབ་པའི་ངེས་ཤེས་རྙེད་ནའང་།
གཡར་པའི་ལུས་ཕུང་གཏན་ཏུ་ང་ཚོར་མི་དབང་བའི་གནས་ལུགས་ཤེས་ནའང་།
མཆི་མས་མིག་མཐའ་སྒྲིབ་ཡོང་།
འཁྱག་བསིལ་བསིལ་གྱིས་སེམས་པའི་ཕྱི་ནང་བརླན་ཡོང་།
མིག་གཉིས་ག་ལེར་བཙུམ་ཚེ།
ཞལ་རས་དཀར་དཀར་གྱི་ཁྱེད།
ལུས་སེམས་གཉོམ་གཉོམ་གྱི་ཁྱེད།
མིག་མདངས་ལ་དྲན་གདུང་འཁྱིལ་བའི་ཁྱེད།
བརྙན་མིག་གི་ཟུར་ནས་ང་ཚོའི་གཏམ་གླེང་ལ་ཉན་སྤྲོ་བའི་ཁྱེད།
ང་ཚོའི་ལག་གདང་ལ་ཡིད་མགུ་བའི་ཁྱེད།
མུན་ནག་གི་ཀློང་རིམ་ནས་འོད་ཀྱི་མཆོད་རྐོང་རེ་རེ་དང་མཉམ་དུ།
ཉེ་རིང་མེད་པར། ཆགས་སྡང་མེད་པར།
སེམས་ཀྱི་ཞི་གནས་ལ་གཡོ་མེད་དུ་བཞུགས་ཟིན་པ་ཚོར་གྱིན་འདུག
མིག་གཉིས་ག་ལེར་བཙུམ་ཚེ།
རྒྱང་རིང་ན་ལུས་པའི་ཁེར་རྐྱང་གི་ཨ་མ་དྲན་འོང་།
ཕ་ཡུལ་དང་རྒྱང་ཐག་ཆོད་པའི་མི་སེམས་རེ་རེ་བཞིན་དྲན་ཡོང་།
༢༠༢༢ ༥ ༡ཉིན།