གཟུངས་མོ།
བཀླགས་གྲངས། 859
ཉིན་ཞག་སུམ་བརྒྱ་དྲུག་ཅུ།
ཉི་ཟླའི་འཆར་ནུབ་དང་དུས་ཚིགས་ཀྱི་འགྱུར་ལྡོག
སྔར་རྒྱུན་ལྟར། སྙིང་ཉེ་ཉེ་ཚུལ་གྱིས་ཚུར་ལ་སླེབས་ནའང་།
གཏན་ནས་ཕྱིར་འོང་མེད་པ་དེ་ཁྱེད་རང་རེད།
ད་ནི། ཉི་འོད་དང་མེ་ཏོག་ལ་བཏབ་པའི་ཁ་ཆད།
ངས། ཁྱེད་ལ་ཆད་པའི་བསྐལ་བ་སྟོང་གི་བུ་ལོན་ཡིན།
ཚོད་ཚོད་ལ་དྲན་པ་སྤྲིན་ནག་བཞིན་འཁྲིགས་ན།
རྩིག་ངོས་ཀྱི་པར་སྒྲོན་ལས།
སྤྱན་ཟུང་ཆུ་ཤེལ་འདྲ་བ་དེས་ང་ལ་སྐོམ་པ་བརྗོད་ཀྱིན་འདུག
ཁུ་སིམ་མེར། གསོན་པོའི་གྱེས་བྲལ་དེ་ལ་འཁར་ར་བྱེད་ཀྱིན་འདུག
ཁྱེད་ཀྱིས། ཡང་ཡང་ཁོག་ལ་མིད་པའི་སྐད་ཆའི་མིག་མདངས་དེ་དག
ཁྱེད་ཀྱི་ལུས་ཟུངས་ཀྱིས་མ་ཐེགས་པའི་ཤ་དང་རུས་པའི་དྲན་གདུང་དེ་དག
ཁྱེད་ཀྱི་ཕྱིར་མིག་གིས་མ་སྙོབ་པའི་ང་ཚོའི་གོམ་སྒྲ་དེ་དག
དུས་དེ་རིང་། ནང་སེམས་ལ་ཚེར་མ་བཞིན་སྡང་།
ལོ་ཟླ་ལ་གདུག་རྩུབ་ཆེ་བ་བཞིན། ང་ཚོ་སྔར་བཞིན་ས་མཐའ་ན་ཡོད།
སྐྲ་དཀར་ཉག་མ་རེ་རེ་རྒས་ཀྱིན་པའི་གོ་རིམ་ལ་ཉན་ན།
ཤོག་ལྷེ་སུམ་བརྒྱ་དྲུག་ཅུའི་ཡིག་འབྲུ་རེ་རེས་མུན་པ་གྱོན་ཡོང་།
ད་ནི། ཡུལ་ལ་ལོག་འདོད་ཀྱི་རྨི་ལམ་དེ་ཡང་།
ཁྱེད་ཀྱི་ཕྱིར་མིག་ལྟར་ཨ་ཐང་ཆད།
༢༠༢༣ ༦ ༡ཉིན།