Back To Top

གངས་རིའི་ལྷ་སྐལ།

བཀླགས་གྲངས། 822

དང་པོ་རང་བྱུང་པང་གི་རྩེད་དགོད་གཞན་དབང་ལུགས་ཀྱིས་དམ་དུ་བསྡམས།།
བར་དུ་གཞོན་པའི་སྣང་བ་རྒོད་པོར་སྲིད་ཀྱི་གཉའ་ཤིང་འཕྲེད་དུ་བཞག།
དེ་བཞིན་ཕྱི་ནང་འགལ་རྐྱེན་འཁྲུག་པོའི་ནག་པོ་ལས་ཀྱི་བཙོ་སྦྱང་ལས།།
ཁྱད་འཕགས་རྣམ་དཔྱོད་གསེར་ཀྱི་ཀ་བ་ས་ཆེན་འདེགས་པའི་སྒལ་བར་བསྲིངས།།

གོམ་པའི་འགྲོས་ཆུང་ལུང་གསུམ་ཕུ་ནས་རྒྱལ་ཁམས་རིག་པའི་མཁའ་རུ་ཕྱོགས།།
སྤྱན་ཟུང་འོད་ཀྱི་ཞགས་པ་མཉེན་མོས་གངས་ཀྱི་རི་བོའི་མུ་ཁྱུད་འཛིན།།
དྲན་ཤེས་ཡིད་ཀྱི་ལྟེང་ཀ་གོར་མོར་གནའ་གྲོང་རུ་བའི་ས་རིས་འཁྱུག།
ཚེ་གཅིག་ལུས་གཅིག་ཕྱི་མིག་མ་ལྷོད་ཡིད་ཀྱི་འཁྲི་ཤིང་གངས་ལ་བཏགས།།

རི་གྲོང་ནགས་ཀྱི་དཀྱིལ་འཁོར་ཀླུང་ནས་རྒྱལ་ཁམས་གསལ་བའི་མེ་ལོང་བཙལ།།
གངས་ཀྱི་རི་བོར་ཡང་ཡང་ཅེར་བཞིན་དབུ་སྐྲའི་ཁ་དོག་གསེར་ལ་བྲིས།།
ཡང་དག་ཆོས་ཀྱི་དགོངས་པ་ཟབ་མོས་འཇིག་རྟེན་འཚོ་གནས་ཡངས་བར་འགྲེལ།།
བདེན་པའི་གནས་ལུགས་ཐགས་སུ་བཀྲམས་ནས་སྐྱེ་འགྲོ་མི་ཡི་བླ་སྲོག་བོས།།

རིག་པའི་མི་དང་རིག་པ་གཤིབ་ནས་གནའ་དེང་ཤེས་རིག་ཉིང་བཅུད་ལེན།།
ཕལ་བའི་མི་ལ་ཕལ་བའི་ཚིག་གིས་ཕལ་བའི་འཚོ་བ་ཡང་བར་གདམས།།
ཉེ་རིང་མཐོ་དམའི་བར་ཐག་མ་བཅད་འགྲོ་བ་མིའི་རིགས་གཅིག་ཏུ་ལྟ།།
དགྲ་དང་གྲོགས་ཀྱི་ཆགས་སྡང་མ་ངེས་འཇིག་རྟེན་ཡངས་བའི་ལམ་ལ་འཇུག།

གནམ་གྱི་མཐོ་ཚད་དཔངས་སུ་བསྟད་ཀྱང་ཁྱེད་ཀྱི་ཐུགས་བརྩེ་ཅི་ལྟར་སྙོབ།།
ས་གཞིའི་ཁྱོན་རྒྱ་ཁོད་དུ་བཏིང་ཡང་ཁྱེད་ཀྱི་མཛད་པ་ཅི་ལྟར་ཤོང་།།
ཉི་ཟླའི་གཟི་དཔལ་ཆ་ལ་སྒྲོན་ཀྱང་ཁྱེད་ཀྱི་མཁྱེན་དཔྱོད་ཅི་ལྟར་འགྲན།།
ཆོས་ཀུན་ཉིང་བཅུད་གཅིག་ཏུ་བསྡུས་ཀྱང་ཁྱེད་ཀྱི་དོ་ཟླར་ཅི་ལྟར་འོང་།།

འགྲོ་དྲུག་བརྩེ་བའི་མ་རུ་བྱོན་ནམ་ཁྱེད་ནི་སེམས་དཔའ་སེམས་དཔའི་མཆོག།
སྐྱེ་འགྲོ་གདུང་བའི་མགོན་དུ་བཞུགས་སམ་ཁྱེད་ནི་མགོན་པོ་མགོན་པོའི་མཆོག།
སེམས་ཅན་བདེ་བའི་སྐྱབས་སུ་གཤེགས་སམ་ཁྱེད་ནི་ཐུབ་པ་ཐུབ་པའི་མཆོག།
ཚེ་རབས་ཀུན་གྱི་ཐུགས་བསྐྱེད་ཟབ་མོས་གཞན་ཕན་དོན་མཛད་དྲིན་ཆེན་རྗེ།།

2023-03-02 གསལ་ལེ་རྒྱལ།
སྲིང་ཆུང་མ། བཀླགས་ཟིན། ངོ་མ་ཡག་གི།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།