Back To Top

ཤི་བོའི་ཁ་ཆེམས།  གསོན་པོའི་འོས་འགན།

གཟུངས་མོ། 

བཀླགས་གྲངས། 53

ཤི་བོའི་ཁ་ཆེམས།  གསོན་པོའི་འོས་འགན།

     

གཉིད་ལས་སད་མ་ཐག  ནམ་རྒྱུན་ལྟར་ཁ་པར་ལ་ལྟ་ཙམ་བྱས།མི་མང་པོས་བརྒྱུད་འགོད་བྱེད་བཞིན་པའི་བརྙན་ཐུང་དེར་ཡང་ནས་ཡང་དུ་འཇལ་རྒྱུ་བྱུང་མོད།དེ་ཙམ་དོ་སྣང་མ་བྱས་པར་མཛུབ་མོས་གང་མགྱོགས་གྱིས་ཡར་འདེད་ཐབས་བྱས།  དེང་སང་མི་ཚང་མ་བརྙན་ལམ་ནས་བཤད་རྒྱུར་དགའ་ལ།ལྷག་པར་ཏུ་ནང་ཁུལ་གྱི་རྙོག་འཛིང་དང་དཀྲུག་ཤིང་གི་སྐད་ཆ་བཤད་མཁན་མང་དྲགས་པས།ཉོབ་སྣང་དང་བཅས་སྣང་མེད་དུ་བསྐྱུར།  ཡིན་ཡང་ག་ཤེད་ཅིག་ནས་བརྙན་ཐུང་དེ་དང་ལྷན་དུ་སྦྱར་པའི་བརྙན་ཐུང་གཞན་ཞིག་སྟེ།  བོད་ཀྱི་རྒྱལ་དར་དྲང་པོར་བཙུགས་པའི་ཉེ་འགྲམ་ཏག་ཏག་ན་མེ་ལྕེ་དམར་པོ་དགུང་ལ་མཆེད་ཅིང་འཇིགས་དངངས་དང་གཡོ་བ་མེད་པར་དྲག་ཏུ་འབར་བཞིན་པའི་གཟུགས་རིས་གསོན་པོ་དེ་མཐོང་བྱུང་།  གཞི་ནས་དཔའ་རྒོད་ཁོང་གི་ཞལ་ཆེམས་ཀྱི་བརྙན་དེ་ལ་ཞིབ་ཏུ་ཐེངས་གཅིག་ཉན་རྒྱུ་བྱུང་ལ།གཞི་ནས་རང་བཙན་བློ་དགའ་ལགས་ཀྱིས་ལུས་སྲོག་བློས་གཏོང་བྱས་པའི་བྱང་ཆུབ་སེམས་མཆོག་གི་མཛད་པ་དེས་ནང་སེམས་ཧྲིལ་བོར་གཡོ་བར་བྱས།

      དཔའ་རྒོད་ཁོང་གིས་ཡུལ་དུས་ཁྱད་པར་ཅན་ལ་གཏད་ནས།  དོན་དག་འདིའི་མགོ་མཇུག་བར་གསུམ་ལ་བསམ་གཞིགས་སྔོན་ཏུ་བཏང་བའི་སྒོ་ནས།  སྐུ་དངོས་ཀྱིས་ཞལ་ཆེམས་བརྙན་དུ་བཟོས་ནས།  རྒྱལ་ཚོགས་ཀྱི་མདུན་དུ་ཕེབས་ནས།  ལུས་ལ་བོད་གོས་གཙང་མ་མནབས།བརྙན་མིག་རྒྱང་ཏུ་བཙུགས།  ཞི་ཞིང་དལ་བའི་སྒོ་ནས་གོམ་གསུམ་མདུན་ལ་སྤོས།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཐོ་རུ་བསྒྲེངས།བསམ་ཞིང་བསམ་ན་གཡོ་བ་མེད་པའི་ནང་སེམས་ཀྱི་དམ་བཅའ་དང་རེ་སྨོན་ནི་རང་གི་ཚེ་སྲོག་གི་མདུན་ནས་ཀྱང་དེ་འདྲའི་རླབས་ཆེ་ཞིང་བླ་རུ་འཕགས་པ་ཞིག་རེད་ཨང་།

        བརྗིད་ཅིང་ལྷོད་པའི་གོམ་ཞེང་དེས་ས་ཆེན་པོ་ཡོམ་ཡོམ་སྒུལ།མཐོན་པོར་བཏེགས་པའི་མགོ་འཕང་དེས་གནམ་སྔོན་པོ་ཡངས་པོར་ཕྱེས།  དམར་པོ་མེ་ཡི་ཚ་རླབས་ཁྲོད་ནས་རི་རྒྱལ་ལྷུན་པོ་བཞིན་གཡོ་བ་མེད་པར་ཀྲོང་ངེར་འགྲེངས་བའི་དཔའ་སྙིང་དེ།  སུ་ཞིག་གི་བློ་ཡུལ་ལ་ཤོང་ནུས་སམ།དེ་ནི་བདེན་པ་དང་ཞི་བ་ཁོ་ན་གོང་དུ་བཀུར་བའི་ནང་སེམས་ཀྱི་སྟོབས་ཤུགས་ཞིག་ལོས་ཡིན།  རང་གི་ལུས་ལ་ཚེར་མ་ཙམ་ཟུག་པས་ཀྱང་ངུ་ངག་དང་འོ་དོད་ཀྱིས་ཁེངས་བར་བྱེད་ན།  མི་ཤ་རློན་པ་ཞིག་དེ་ལྟར་གསོན་སྲེག་བྱེད་པ་ཕར་ཞོག་ཐ་ན་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་ང་ནི་དངངས་ཞིང་བླ་འདར་བར་བྱེད།   

    གསོན་ན་གསོན་གོད་ཆོད་ཅིང་།  ཤི་ན་ཤི་གོད་ཆོད་པའི་དཔའ་བོ་འདི་དག་གི་ཤུལ་ན་ང་ཚོ་ནི་ཅི་འདྲའི་ནུས་མེད་ཅོལ་ཆུང་གི་མི་གཟུགས་ཐོགས་པའི་འགྲོ་བ་ཙམ་རེད་ཨང་།ཐ་ན་ཉིན་གཅིག་གི་ལས་འགུལ་ལ་མཉམ་ཞུགས་བྱེད་པར་ཡང་བསམ་བློ་མང་པོ་གཏོང་དགོས་ཏེ།  གནམ་གཤིས་ཀྱི་ཚ་དྲོད་རན་མིན།  ཁོམ་ལོང་ཡོད་མེད།  སྟབས་བདེ་མིན་སོགས་འདང་རྒྱག་མང་པོ་འོག་ནས་བློ་ཐག་ཆོད་ལ་མི་ཆོད་ཀྱི་གནས་སུ་ཡོད།  ཞིབ་ཏུ་བསམ་ན།  སྒེར་སེམས་ཆེ་ཞིང་ཚོར་བ་ཉམས་པའི་སྣང་ཚུལ་འདི་ནི་ཅི་འདྲ་ཡ་ང་བ་ལ་ཨང་།

    ད་ནི་ལོ་རྒྱུས་གསེར་འོད་ལ་བྲིས་པའི་དཔའ་རྒོད་ཁོང་བཞུད་སོང་།ཀླ་ཀློ་དང་བླུན་རྨོངས་ཀྱི་མུན་ཚོགས་ལ།  རང་གི་ཚེ་སྲོག་གི་འོད་སྣང་སྦར་ནས་བཞུད་སོང་།  ཡིན་ཡང་ཁོང་གི་སྙིང་སྟོབས་དང་རེ་སྨོན་བསྐལ་བའི་བར་དུ་གསོན་ངེས་ལ།  ཁོང་གི་ཞལ་ཆེམས་དྲོན་མོ་ང་ཚོ་བོད་མི་རེ་རེའི་སེམས་ཁོང་ལ་མར་མེ་ཚེ་ཐུབ་བཞིན་འོད་ལམ་ལེམ་གྱིས་འཚེར་ཡོད་པས།  ང་ཚོས་སྤུན་ཟླ་ནང་ཁུལ་ལ་ངན་ཁག་དཀྲི་རེས་དང་།ཡང་ན་དཔའ་རྒོད་ཁོང་ཉིད་ཕྱོགས་ཁག་དང་ལུང་ཚན་གང་ལ་གཏོགས་མིན་གྱི་ངོ་སོ་རྩོད་པ་ལས།  སོ་སོ་རང་ངོས་ནས་བོད་སྤྱི་བའི་དོན་དུ་ཅི་ཞིག་སྒྲུབ་ཐུབ་མིན་ལ་བསམ་བློ་གཏོང་རན་པའི་དུས་མ་ཡིན་ནམ།  སྤྱི་བའི་དོན་ཞེ་ན་ཡང་ཆེན་པོ་ཆེན་པོ་ཞིག་ནས་འགོ་རྩོམ་མི་དགོས་ཏེ།  ཆེས་སྤྱིར་གི་འཚོ་བའི་ཁྲོད་ནས་རང་རང་གི་འགྲོ་འདུག་སྤྱོད་གསུམ་ལ་བདག་པོ་རྒྱག་པ།རང་གི་བུ་རབས་ཚ་རྒྱུད་ཀྱི་ཀླད་པའི་ནང་ལ་བོད་སྐད་ཚིག་འབྲུ་གཅིག་ཡིན་ཡང་འཇོག་ཅི་ཐབས་ལ་འབད་པ།ཆོལ་ཁ་ལུང་ཚན་གྱི་འཆིང་ཐག་ནས་གྲོལ་ཏེ་༼ང་ཚོ་བོད་ཡིན་༽ཅེས་པའི་འདུ་ཤེས་འཛིན་པ།  གཞན་གྱི་སྐྱོན་ཁོ་ནར་མཛུབ་མོ་བཙུགས་ནས་རང་ཉིད་བརྗེད་པར་མི་བྱེད་པ།  ཕྱི་གོས་གཡོགས་པའི་དད་པ་བེད་སྤྱོད་བྱས་ནས་སྤུན་ཟླ་ནང་ཁུལ་ནག་སྒྲིབ་མི་བྱེད་པ།  མདོར་ན་ཁ་ནས་མང་ཙམ་བཤད་པ་ལས་ལག་ལེན་དངོས་ཀྱི་ཐོག་ནས་ནང་ཁུལ་གྱི་མཐུན་ལམ་གཙིགས་ཏུ་བཀུར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པར་འདོད།འདི་ནི་དཔའ་རྒོད་རྣམས་ཀྱིས་ལུས་སྲོག་བློས་གཏོང་བྱས་བའི་རེ་སྨོན་ཡིན།  ཡང་གཅིག་བཤད་ན།  རང་རང་གི་ནུས་པ་ལ་དཔག་པའི་བོད་དོན་འཐབ་རྩོད་མ་ཡིན་ནམ།  རྒྱལ་བའི་བཀའ་དགོངས་བརྩི་སྟངས་མ་ཡིན་ནམ།  དཔའ་རྒོད་ཚོའི་ཞལ་ཆེམས་ལ་གོང་བཀུར་ཞུ་སྟངས་མ་ཡིན་ནམ།རང་ཉིད་བོད་མི་ཅིག་ཡིན་པའི་འགན་ཁུར་ལུགས་མ་ཡིན་ནམ། 

    ད་ནས་བཟུང་།ང་ཚོ་ཚང་མས་བོད་སྐད་བཤད།བོད་ཡིག་འབྲི།  ཆེས་མ་མཐའ་ཡང་རང་གི་ཁྱིམ་ཚང་ཆུང་ཆུང་འདི་ཉིད་ཕ་སྐད་ཀྱི་རང་དབང་རང་བཙན་ཐོབ་པའི་ཁོར་ཡུག་ཅིག་ཡོང་བར་འབད་འབུངས་བྱེད།  ད་ནས་བཟུང་།ང་ཚོ་ཚང་མས་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདི་ཉིད་སྙིང་བོར་བཟུང་ནས་ནང་སེམས་ཀྱི་མ་དག་པ་དག་དག་པར་བྱེད།  ཆེས་མ་མཐའ་ཡང་ནང་ཁུལ་གྱི་འགལ་བ་དང་མི་མཐུན་པའི་ཕྱོགས་ལ་བཟོད་པ་སྒོམ་ཙམ་བྱེད།  བློ་སྒོ་ཡངས་ཙམ་བྱེད།  ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་སྨོན་ལྟར།  མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱིས་ང་ཚོ་ཚང་མ་བོད་ཡིན་པའི་འདུ་ཤེས་འདི་ནམ་ཡང་མི་བརྗེད་པར་བྱེད།

 

༢༠༢༦༧༡༢ཉིན།

2026-07-21 ཤེད་བུ།
2026-07-17 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།