རྒྱུས་ཡོད་ཅན་དག་ཐག་རིང་ཡུལ་དུ་ལུས།།
རྒྱུས་མེད་ཡུལ་དུ་སེམས་པ་སྐྱོ་དགོས་མོད།།
ལྡོག་སྟེ་སེམས་ལ་དགའ་བ་རྒྱས་འདི་ནི།།
སྔོན་ཆད་མ་བྱུང་གཏམ་གྱི་གསར་པ་འོ། །
ཀུན་ཀྱང་མཐུན་ལ་ངལ་ལ་མེད་གྱུར་ཅིང་།།
གཞན་ཕན་ལྷག་བསམ་དེ་ནི་སེམས་ཀྱི་གཤིས།།
འོན་ཏང་དུག་སྦྲུལ་གཅིག་ཏུ་ཚོགས་བྱས་ཏེ།།
ཁེར་སྐྱུར་ངན་བྱས་ལོ་ཟླ་ཉུང་ཉུང་མིན།།
ཕྲག་དོག་གཤིས་ལ་ཞུགས་པ་དག་གིས་ནི། །
གཞན་ཕམ་སྦྱོར་བ་རྩོམ་ལ་བག་མི་ཚ།།
ཚོན་ཙམ་བསྒྱུར་པའི་ཁ་དོག་དེ་ཡི་ནི།།
ལྟོ་གྲོད་ཙམ་ལས་དོན་ནི་ལྡོག་སྟེ་བྱུང་།།
གང་དང་འགྲོགས་ན་དེ་ལ་སྡང་བས་གཡོ།།
དེ་ཉིད་སླར་ཡང་འགྲོགས་ལ་བློ་མི་བདེ།།
གནད་འདི་ཤེས་པ་འགའ་རེས་ལན་མང་དུ།།
རང་ཁེ་འཚོལ་ཕྱིར་ཌ་རུའི་རྗེས་འགྲོ་བྱས།།
ཐག་རིང་ས་ལ་མཉམ་དུ་བསྐྱོད་ན་ཡང་།།
དྲུང་དུ་འབྱོར་མཚམས་དོན་ཞིག་འཚོལ་བྱས་ཏེ།།
སོ་སོར་ནང་དུ་འཛུལ་བ་དེ་ཡི་དོན།།
མ་སྨྲས་པར་ཡང་དོན་དེ་བདག་གིས་གོ །
འདི་ཉིད་ཀྱིས་ནི་་ཡང་ཡང་བདག་ཉིད་ལ།།
གང་ཞིག་བྱས་སམ་དྲིས་པ་ཉུང་ཉུང་མིན།།
དོན་མེད་མི་ཡང་དོན་ཆེན་བཟོ་དུས་སུ།།
སོ་སོར་དྲི་བ་བཏང་བའི་སྐབས་ཀྱང་ཤར།།
དེ་ལྟའི་ཁོར་ཡུག་དེ་ལ་བློ་མི་དགའ།།
དེ་ཡི་དྲིན་གྱིས་བྱམས་དང་སྙིང་རྗེ་དང་།།
སྟོང་ཉིད་ལྟ་བར་ཡང་དུ་གོམས་བྱས་པས།།
ད་ལྟ་དོན་འདིར་བློ་ཐག་ཉེ་བར་གནས།།
བདག་ཉིད་སྐྱོང་ཕྱིར་ལས་ཀྱིས་བཀོད་སྒྲིག་གམ།།
ཡང་ན་སྔོན་ལས་ཞིག་གི་འབྲས་བུ་སྟེ།།
ད་ནི་དུག་སྦྲུལ་རྒྱང་དུ་ལུས་པ་ཡིས།།
སུས་ཀྱང་བདག་ཉིད་འགྲོགས་ལ་རང་དབང་ངོ་།།