ཁྱེད་ཀྱི་སྙིང་སྟོབས་དང་སྤོབས་པ་བོར་བའི་ང་ཚོས་ཁྱེད་ཀྱི་གསལ་བྱེད་སུམ་ཅུའི་དུང་སོ་རེ་རེ་རྐང་ནས་འཐོག་ཞོར་དབྱངས་ཀྱི་འགྱུར་ཁུག་རེ་རེ་ལ་གཞན་སྐད་ཁྱར་ཁྱོར་རེ་ཡུན་གྱིས་བཏགས་དུས་ང་ཚོས་ཁྱེད་ལ་ལོ་སར་བཟང་ཞེས་ཅི་ཙམ་བོས་ཀྱང་ཁྱེད་ཀྱི་དུང་སོ་སུམ་ཅུ་ལ་སྐྱོན་ཞུགས་ནས་ལོ་སར་ལ་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།
མི་ལོ་སྟོང་ཕྲག་དུ་མ་ཞིག་གི་ཡར་སྔོན་ནས་ཁྱེད་ཀྱིས་འགྱུར་བ་མེད་པའི་ལོ་རྒྱུས་རེ་ལ་བློ་དང་ཐབས་ཀྱིས་སྡོམ་ཚིག་བཀོད་ནས་མི་རིགས་ཤིག་གི་སྤྱིའི་རིགས་གནས་ཀྱི་དུས་ཚིགས་ཤིག་ཀླད་པའི་གཏིང་རིམ་ལ་བསྙལ་དུས་ང་ཚོས་ཁྱེད་ཀྱིས་དུས་ཚིགས་ཙམ་ལ་ཡང་བརྩི་སྲུང་བྱེད་མ་ནུས་པར་སྔ་ཕྱི་སྔོན་རྗེས་མང་པོ་ཞིག་ནས་ལོ་སར་བཟང་ཞེས་མང་པོར་བོས་པས་ད་སྐབས་ཁྱེད་ཀྱིས་ངའི་རྗེས་རབས་པ་ཚོ་སྨྱོས་འདུག་བསམ་ནས་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།
ཁྱེད་རང་ལོ་རྒྱུས་ཀྱི་སྐྱོག་མཚམས་རེ་རེ་དང་འགྱུར་བ་སྣ་ཚོགས་ཀྱི་ཁྲོད་ནས་མུན་ནག་ལྟ་བའི་དཀལ་ངལ་མང་པོ་ཞིག་མདུན་གྱིས་བསུས་ནས་ཕྱི་ནང་གསང་གསུམ་གྱི་ཆས་དང་སྤྱོད་པ་དག་མ་འཆོལ་བར་ད་ལྟའི་བར་ལྷམ་མེར་འགྱིང་ན་ཁྱེད་ཀྱི་ཉེ་བར་འཁོར་བའི་རྗེས་རབས་པ་དག་གིས་ཡ་མ་ཟུང་གི་ཆས་དང་སྤྱོད་པ་གནབས་ནས་འུར་སེང་སེང་གིས་གནས་འདིར་བསླེབས་དུས་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།
ཁྱེད་ཀྱིས་ཆོལ་གསུམ་གྱི་སྤུན་ཟླ་དག་ཨ་མས་བུ་ཆུང་ལ་བརྩེ་བརྩེ་དང་བསྙལ་བསྙལ་བྱས་ནས་མི་ལོ་སྟོང་ཕྲང་མང་པོ་ཞིག་ལ་ཕྲག་པ་ཟུང་གི་ལག་པས་བསྐྱང་མོད་ཁྱེད་ཀྱིས་བུ་ཆུང་ཚོས་ཕྱི་དགྲ་གྲོགས་སུ་བྱས་ཕུ་ནུ་དགྲ་རུ་བཟུང་ནས་མི་བསོད་ཁྲག་སྦྱོར་དང་ཚིག་ངན་དམའ་འབེབས་ཀྱི་འཁོར་ལོ་བསྐོར་ན་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།
ཁྱེད་ཀྱིས་རིག་གཞུང་གི་བམ་ཁ་འཐུག་ས་ཞིག་ནས་དཀའ་བ་ཁྱད་བསད་དང་འབད་པ་བརྒྱ་འགྱུར་གྱིས་རྗེས་རབས་པ་ལ་ཕན་དུ་རེ་ནས་མི་རིགས་གཞན་གྱི་རིག་གནས་ཤིག་ཁ་བ་གང་ཅན་པའི་བགོས་སྐལ་དུ་བཞག་ན་ཁྱེད་ཀྱི་རྗེས་རབས་པ་ཚོས་ཆོས་ལུགས་འཐེན་ཁྱེར་དང་གྲུབ་མཐའ་ཕན་ཚུན་ལ་འགལ་བ་བཟུང་བས་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།
ཁྱེད་ཀྱིས་དུས་དེ་ནས་བཟུང་གསར་གཏོད་ཀྱི་བཤོག་ཟུང་མཐོན་པོར་བསྒྲེངས་ཤིང་དབང་སྒྱུར་གྱི་སྙིང་སྟོབས་ཡིད་ལ་བརྣགས་ཤིང་ཧི་མ་ལ་ཡི་ཕར་ཚུར་ལ་རྟ་དམག་གི་ཕྲེང་བས་བཅད་ནས་རང་ལ་དབང་བའི་རྒྱབ་རི་མཐོན་པོ་ཞིག་གནས་འདིར་བཙུགས་ན་ཁྱེད་ཀྱི་རྗེས་རབས་པ་ཚོ་ནི་རྗེས་ལུས་དང་བག་འཁུམ་གྱིས་ངང་བྲན་གཡོག་ལམ་ལུགས་ལ་ཡུན་གྱིས་སོང་ན་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།
དུས་ཆེན་འདིར་རྒྱང་རིང་ནས་ཕེབས་པའི་གཉེན་མི་དང་བུ་ཚ་རྣམས་འདུས་ནས་དགའ་དགའ་སྤྲོ་སྤྲོ་ཡིས་ངང་ཟས་རིགས་འདྲ་མིན་དང་བཏུང་རིགས་དཀར་དམར་ལ་མཆོད་ཁ་བླངས་ནས་གླུ་གར་ལ་རོལ་སྐབས་ཁྱེད་ཀྱི་སྙིང་ནས་གཅེས་བུ་ཆུང་དེ་བྲང་ནས་ཤོར་སྟེ་ས་མཐར་འཁྱམས་པས་ཁྱེད་ལ་ལོ་སར་སྐྱིད་པའི་སྣང་བ་ཞིག་གང་ནས་འབྱུང་།།