བཀླགས་གྲངས། 725
1
གཱོལ་*མེས་པོའི་རྨུ་ཐག་འཇུས་ཏེ
ས་གཞིའི་དཀྱིལ་འཁོར་ཆུ་ཡི་ཟེགས་མར་བཏགས
སྒང་གཞུང་འདིའི་དུས་བཞི་ལ་བདུད་རྩི་ཕབསཏེ
བཅུད་དུ་བསྙིལ་བའི་འབྲས་བུའི་སྙིང་བོ
ས་ཆེན་གྱི་མགུལ་ན འོད་དུ་འཚེར་དུས
སུ་ཞིག་གི་ཕྱི་མིག་ལ་རིན་ཐང་གིས་ལྟུང་བས
ལོ་ཟླའི་བང་སོ་ན
དངུལ་ཁྲག་གིས་བསླེངས་པའི་བཙན་རྫོང་དམར་བོ
ཁ་ཏོག་དང་རྒྱུ་འབྲས་ཀྱིས་ཕོང་བར་བཤད
ལེ་བདའ་དང་འཁང་རའི་ངག་སྒོ་ཕྱེས་ཏེ
ནོམ་པའི་ཁང་བཟང་དུ
སྲོད་ཀྱི་གློག་ཞུན་ཉུལ་བའི་མི་ཚོགས་ཀྱིས
ཁ་ཏོག་འཁྱིལ་བའི་ཆང་ཕོར་མཐོ་རུ་བཏེགས་ཏེ
ཁྱོད་ཀྱི་ལང་ཚོའི་མཛེས་སྡུག་ན
ལོག་ལྟ་དང་སྒྱུ་རྩལ་གྱིས་ངལ་ཞིང་དུབ
2
ཡུལ་གྱར་བའི་རྡོག་ཁྲེས་ཧོག་སྟེ
གནས་ཚང་གི་ཁྱིམ་གཞི་དྲོན་མོའི་མལ་སྟན་ནས
རྒུན་ཆང་ཕོར་བ་གང་ལ་རོལ་མྱོང་ཐོབ་པས
ཝ་དཱེ་ལོའི་*རྨ་ཁའི་ཟབ་ས་ནས
ཁྱེད་ལ་ལས་དབང་གི་སྙན་ངག་གྱེར་ཞིང
སྨག་རུམ་དེའི་གསང་བ་བསྙད
ཕྱིར་ལོག་འདོད་པའི་བསམ་ངོགས་ནས
དགུན་གཞུང་གང་མང་ཞིག་འདས་རྗེས
ལོ་ཟླའི་རྒས་གཉེར་གྱི་བང་སོ་ལས
རྨི་ལམ་ཟབ་ས་ནས ནམ་ལངས་ཏེ
དྲན་པའི་མཁའ་དབྱིངས་རལ་བ་ན
སེམས་པའི་མེ་ལོང་དུ
ང་ཁྱེད་ཀྱི་ཟུངས་ཁྲག་ལ་ཐིམ་པ་མཐོང
2023.02.22 Paris