གྲོགས་པདྨ་ཚེ་བརྟན་རྗེས་སུ་དྲན།
རྡོ་གོར་མོ (པཱ་ཝེ)
བཀླགས་གྲངས། 641
རྩྭ་ཐང་གི་སྐར་མ་འོད་ཆེན།
——— གྲོགས་པདྨ་ཚེ་བརྟན་རྗེས་སུ་དྲན།
རྡོ་གོར་མོ (པཱ་ཝེ)
རྩྭ་ཐང་གི་སྐར་མ་འོད་ཆེན
གངས་རིའི་ཡུལ་ནས
ཁྱེད་མྱི་རྒྱུད་དེའི་རུས་སུ་བལྟམས
མཐོ་སྒང་གི་མཇིངས་སུ ས་སྲོད་ཀྱི་མཁའ་དབྱིངས་ལ
འོད་ཆེམ་ཆེམ་ཀྱིས་བསླེབས་ཏེ
གྲང་ངར་རྒོད་པའི་ལོ་ཟླའི་ཉིན་སྲིབ་ནས
ཚེ་སྲོག་དང་ལང་ཚོས་བསླས་པའི་གཏམ་རྗོད་ཀྱི་ལག་སྐྱེས
གངས་རིའི་མགྲིན་ལ་སྒྲོན
ཁྱེད་ཀྱིས་གདོང་དམར་བ་ཁོ་ནའི་ངོ་གདོང་གི་འཛུམ་བག་དང
མེས་པོའི་ངག་སྒོར་འཁྱིལ་བའི་ཡིག་འབྲུ་དག་མའི་སྣང་བརྙན
འོད་ཀྱི་ཕུང་བོར་བསྒྱུས་ནས
རྩྭ་ཐང་ལ་གླེང་བརྗོད་ཐོག་མ་བྲིས
འཇིག་རྟེན་འདིའི་ཁ་ཏོག་ལ་བྲིས་པའི་སེམས་ཀྱི་སྙན་ངག་དེ
དུས་རབས་ཀྱི་མཁའ་དབྱིངས་ལ་བཀྱགས་ཏེ
རྒྱ་མཚོའི་ཕ་རོལ་ལ་སྐྱེལ་ཐེངས་རེར
འཇིག་རྟེན་གྱི་མཐོང་ལམ་ལ་བསྣུར་བའི་སྦྲ་གུར་དང་རྩྭ་ཐང
གྲུ་ག་གཞན་ཞིག་གི་ཚོར་བའི་མེ་ཏོག་ཏུའང་བཞད་མྱོང་ཨང
ཁུ་སིམ་སིམ་གྱིས་བསླེབས་ཤིང་ཁུ་སིམ་སིམ་གྱིས་བཞུད་པས
སཱེན་གཙང་འགྲམ་ན་ལྷག་པའི་དུས་ཆད་དུ
ན་ཟླ་ཚོའི་བློ་འགྱོད་དངའཁང་ར་ལས
སེམས་ངོགས་ལ་ཁ་ཏོག་གིས་འཁྱིལ་བའི་དྲན་པར
ཁྱེད འོད་ཀྱི་ཕུང་བོ་འདྲེན་པའི་སྐར་མ་འོད་ཆེན་དང
དགུན་གཞུངརིང་མོ་རྟོལ་བའི་མེ་ཕུང་དམར་པོ་ཡིན་དེ
ང་ཚོ་དང་རྒྱང་དུ་གྱེས་དུས
སླར་ཡང་ཁུ་སིམ་སིམ་གྱི་མ་ཎི་རྡོ་འབུམ་གྱི་དབུ་ཁྱུད་ལས
ཁྱེད་ཀྱི་འཛུམ་མདངས་དང་རྒྱབ་གཟུགས་འཚོལ
08/05/2023