བཀླགས་གྲངས། 1175
《གསའ》 གངས་རིའི་ལས་དབང་ལ་བཞག་པའི་གདུང་འབོད་ཐ་མ།
རྡོ་གོར་མོ།
ད་ལོའི་ལོ་སར་ཚེས་གཉིས་ཉིན་གྲོགས་ཟླ་བའི་ལོ་སར་གྱི་ལག་སྐྱེས་སྟེ་གློག་བརྙན་《གསའ》ཡི་འཛིན་བྱང་ཁྱེར་ནས་རྒྱལ་སའི་དཀྱིལ་སྙིང་གི་པཱ་ཝེའི་ནང་སྐོར་བཅུ་གསུམ་པའི་གློག་བརྙན་ཁང་ལ་འདས་ཟིན་པའི་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསར་བ《གསའ》བལྟ་བར་སོང་། འདི་ནི་ང་ལ་མཚོན་ན་མི་ཡུལ་གཞན་གྱི་ཚད་ལྡན་གློག་བརྙན་ཁང་ཞིག་ནས་བོད་རང་གི་འཁྲབ་ཁྲིད་པས་བརྙན་དུ་ཕབས་ཤིང་བོད་ཀྱི་འཚོ་བ་དང་གནས་བབས་ནང་དོན་བྱས་ཡོད་པ། བོད་རང་གི་སྐད་བཤད་པའི་གློག་བརྙན་ཞིག་ལ་བལྟས་པ་ཐོག་མ་དེ་ཡང་ཡིན།
དགུན་ཁའི་ཡུལ་ལྗོངས་སྐྱ་བོའི་སྟེང་གི་ཟེགས་མའི་གཞུང་ལམ་ཀྱག་ཀྱོག་བརྒྱུད་པའི་རླངས་འཁོར་ནང་གི་གསར་འགོད་པ་མི་བཞིའི་ལབ་གླེང་དང་མཉམ་དུ་གློག་བརྙན་མགོ་བརྩམས་པ་དང་། གློ་བུར་མིག་མདུན་ཏུ་བཤམས་པའི་གློག་བརྙན་ནང་གི་ཡུལ་ལྗོངས་སྐྱ་བོའི་སྣང་བརྙན་དེས་ང་རང་ཆུང་དུས་འཚར་ལོངས་བྱུང་སའི་ཕ་ཡུལ་གྱི་དགུན་ཁའི་སྣང་བརྙན་དེ་དྲན་དུ་བཅུག་པ་དང་ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་གྱི་འཚོ་བ་དེའང་བློ་ངོར་དེད་དེ་འོངས། དྲན་པའི་ངོས་ཀྱི་སྣང་བརྙན་དེས་ཕ་ཡུལ་གྱི་འཕེལ་འགྱུར་དང་ད་ལྟའི་གནས་བབས། མ་འོངས་པའི་འཚོལ་སྙེགས་སོགས་ཅིག་ཅར་སྐྱེས་པའི་ཚོར་སྣང་གི་འགལ་འདུའི་ཁྲོད་གློག་བརྙན་ལ་རོལ་མྱོང་བྱས། འདིར་གློག་བརྙན་གྱི་ངོ་བོའི་སྟེང་གི་སྒྲིག་སྦྱོར་དང་ནང་དོན་གྱི་མཚོན་ཐབས་སོགས་སྒྱུ་རྩལ་རང་གི་ཁྱད་ཆོས་སོགས་གླེང་བར་མི་སྤོབས་ཏེ། སྒྱུ་རྩལ་བརྩམས་ཆོས་འདིའི་རིན་ཐང་ལྟ་ཚུལ་གྱི་བསམ་བློའི་རྒྱབ་ལྗོངས་ཀྱི་ཆ་ནས་རང་ཉིད་ཀྱི་སེམས་ཚོར་ཙམ་བཤད་པར་མོས། གློག་བརྙན་ནང་མི་སྣ་མང་བོ་མེད་ལ་འཁྲབ་སྟོན་པ་ཉུང་ཉུང་དང་འཁྲབ་གནས་ཁོར་ཡུག་ཀྱང་རྙོག་འཛིང་མེད་པའི་གངས་རིའི་དགུན་གཞུང་གི་སྣང་བརྙན་དེ་ལས་བོད་པའི་འཚོ་བ་དང་འཕེལ་འགྱུར། ད་དུང་འཁོར་ཡུག་འདྲེས་སྡོད་ཀྱི་མི་དང་མིའི་བར་གྱི་དགའ་སྐྱོ་ཆགས་སྡང་། བསམ་བློའི་འཁྱེར་སོ། སྤྱི་ཚོགས་ཀྱི་ཐོབ་དབང་སོགས་མདོར་ན་ཐུན་མོང་གི་འཚོ་བའི་ཕྱོགས་མང་བོའི་ངོས་ཀྱི་གནད་དོན། མི་དང་རང་བྱུང་ཁམམས་བར་གྱི་འབྲེལ་འདྲེས་དང་འཚོ་སྡོད། འཚོ་བ་ལ་འཛིན་པའི་འདུ་ཤེས་སོགས་བརྫོོད་གཞིར་བཟུང་ཡོད་པ་དང་། གཙོ་བོ་གངས་གཟིག་གམ་རི་དྭགས་གསའ་དང་འབྲོག་པ་སྦྱིན་པའི་འཚོ་རྟེན་གྱི་བར་བྱུང་བའི་འཚོ་གནས་ཀྱི་འགལ་འདུ་ལས་ཆས་ཏེ་རི་དྭགས་གསའ་ཞིག་སྦྱིན་པའི་ལུག་ལྷས་ལ་མཆོངས་ནས་ལུག་འགའ་བསད་ཅིང་ཡུན་རིང་བཀྲེས་སྐོམ་གྱིས་མནར་བའི་གསའ་དེས་ལུག་གི་ཁྲག་འཇིབ་མཐར་ཁྲག་དམར་གྱི་མངར་ཁས་དྲན་པ་འཐོར་བའམ་གཉིད་ལ་ཤོར་བ་དང་། མཐར་སྦྱིན་པས་ལུག་རའི་མཐའ་བཀག་ནས་གསའ་དེ་གསོད་པར་བརྩམས། འོན་ཀྱང་གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པས་ཁྲིམས་འགལ་དུ་ཆགས་ཏེ་གསའ་དེ་གསོད་ཐབས་བྲལ་བས། ཁོས་གཞུང་འཛིན་ཁྲིམས་བཟོ་མཁན་ལ་འཁང་ར་བཤད་དེ་གལ་སྲིད་གསའ་དེ་གསོད་མི་ཆོག་ན་གསའ་ཡིས་བསད་པའི་ལུག་དེ་ཚོར་སྐྱིན་ཚབ་སྤྲོད་དགོས་པའི་རང་ཉིད་ཀྱི་འདོད་བློའི་ཨུ་ཚུགས་མཐའ་སྐྱེལ་བྱས་ཀྱང་མཐར་ཉེན་རྟོགས་པའི་བཙན་དབང་ལ་བརྟེན་ནས་ཆ་རྐྱེན་མེད་པའི་སྒོ་ནས་གསའ་དེ་གློད་དགོས་བྱུང་བ་དང་། གསའ་དེ་ཡང་རང་གི་ཕྲུག་གུ་དང་སླར་ཡང་ངོ་འཕྲད་པ་སོགས་སྒྲུང་གི་བརྗོད་གཞི་ལས། སྦྱིན་པའི་ཚོར་འདུ་སྟེ་ཁྱིམ་ཚང་ཡོངས་ཀྱི་ལྟོ་རྒྱབ་ལ་འགན་ཁུར་བའི་འབྲོག་པའི་ཁྱིམ་བདག་ཅིག་ལ་མཚོན་ན་ནོར་ལུག་གཙོ་བྱས་པའི་སྒོ་ཕྱུགས་ནི་ཧ་ལམ་མི་ཚང་དེའི་འཚོ་བའི་མཐུན་རྐྱེན་ཉག་གཅིག་ཡིན་པས་ཁོ་ལ་མཚོན་ན་གསའ་དེ་གསོད་པའི་ཐབས་ལམ་ལ་བརྟེན་ནས་རང་གི་སྒོ་ཕྱུགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་དང་། ཕྲུ་གུ་གཅིག་གི་ཨ་མ་ཡིན་པའི་གསའ་དེ་ལ་མཚོན་ན་རང་ཉིད་ཤ་ཟན་ཞིག་ཏུ་སྐྱེས་པ་དང་སེམས་ཅན་གཞན་གྱི་ཤ་ཁྲག་ཁོ་ན་ལ་བརྟེན་ནས་འཚོ་དགོས་པས་སྲོག་དང་བདས་ནས་ལྟོ་ཞིག་འཚོལ་དགོས་པ་ནི་འཚོ་བའི་ཆེད་ཡིན་པ་མ་ཟད་རང་གིས་བསད་པའི་ལུག་དེ་དག་ནི་སྦྱིན་པའི་བཟའ་ཉོག་གི་འཚོ་རྟེན་ཡིན་པ་སོགས་དོན་གྱི་ངོ་བོའི་སྟེང་གི་ལེགས་ཉེས་དབྱེ་བ་ཡེ་ནས་འབྱེད་མི་ཤེས་པའི་སེམས་ཅན་ཞིག་ཡིན་པས་ཕྱོགས་གཉིས་ཀྱི་གནས་སྟངས་འདིས་ནང་བཅུད་ཀྱི་སེམས་ཅན་མཉམ་གནས་ཀྱི་འཚོ་བའི་རྒྱུད་རིམ་ཁྲོད་ཁ་ཟས་ལྟོ་ཕོགས་ཀྱི་སྒྲུབ་ལེན་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཚོ་བའི་རྙོག་འཛིང་ཁྲོད་ང་ཚོའི་བསམ་བློའི་ངོས་ཀྱི་དབྱེ་འབྱེད་དང་གདམ་བྱ། ཤེས་རྟོགས་ཀྱི་བློས་འཇིག་རྟེན་གྱི་འཚོ་གནས་ལ་འཁུར་དགོས་པའི་འོས་འགན་སོགས་ཞོར་དུ་བསྟན་ཞིང་། སྒྲུང་གི་སྤྱི་ཁོག་ཧྲིལ་བོའི་ཆ་ནས་སྤྱི་ཚོགས་འདིའི་གནས་བབས་ལ་གཙོ་བོ་ངོས་སམ་ཕྱོགས་གཉིས་ནས་གཤིབ་བརྡར་དང་སྤྱི་སྡོམས་བྱས་ཡོད་པ་མཐོང་།
གཅིག གློག་བརྙན་ནང་གི་བུད་མེད་མི་སྣ་གཉིས་ཀྱི་གཤིབ་སྡུར།
བུད་མེད་གཅིག་དེ་ཁ་པར་ནང་གི་གསར་འགོད་པའི་དགའ་རོགས་སྟེ་ཕར་བལྟས་ཚོད་ཀྱིས་མཐོ་རིམ་སློབ་གསོའི་གོ་སྐབས་ཐོབ་མྱོང་ཡོད་པ་མ་ཟད་ཀླད་ཤུགས་ངལ་རྩོལ་ལ་བརྟེན་ནས་གྲོང་ཁྱེར་ན་འཚོ་བ་རོལ་གྱིན་པ་དང་བསམ་བློའི་འཕེལ་འགྱུར་རམ་འཚོ་གནས་འཚོལ་རྙེགས་ཀྱི་ཁ་ཕྱོགས་སུ་ཕྱི་རྒྱལ་གྱི་རོལ་དབྱངས་དང་ཞབས་བྲོ་སོགས་ཀྱི་རོལ་མྱོང་ལ་བྲེལ་བའི་དབང་སྒྲོན་འཚོའི་སྐད་ཅིག་མའི་སྣང་བརྙན་དང་། བུད་མེད་གཞན་དེ་ཧ་ལམ་སློབ་སྦྱོང་གི་གོ་སྐབས་ཀྱང་ཐོབ་མ་མྱོང་བ་མ་ཟད་ད་དུང་མི་ཚེ་ནོར་ལུག་གི་རྗེས་ནས་ཟད་ཅིང་ནང་ལས་ཀྱི་ལས་ཚགས་ཀྱི་ཞོར་དུ་རྒལ་གཞུང་ཡང་བྱིས་གཉོར་ཁང་ལྟ་བུར་གྱུར་ཡོད་པའི་སྦྱིན་པའི་ཆུང་མ་བདེ་ཆེན་གཡང་འཛོམས་རེད། དེ་ཡང་ཆུང་ས་ནས་བལྟས་ན་གློག་བརྙན་འདིས་བུད་མེད་འདི་གཉིས་ཀྱིས་མཚོན་པའི་བོད་པའི་བུད་མེད་དག་གི་མི་ཚེའི་བརྒྱུད་རིམ་ཁྲོད་སློབ་སྦྱོང་གི་གོ་སྐབས་དང་ལས་ཀའི་ངོ་བོ། འཚོ་བའི་མཐུན་རྐྱེན་སོགས་མི་ཚེའི་དགོས་ངེས་ཀྱི་ཆ་རྐྱེན་སོགས་ཕྱོགས་མང་བོའི་གནས་རིམ་ནས་གཤིབ་སྡུར་བྱས་ཏེ་ང་ཚོའི་འཚོ་གནས་ལས་དབང་གིས་འཚོ་སྡོད་ཁོར་ཡུག་ལ་སྤྲད་པའི་དོ་མི་མཉམ་པའི་འཕེལ་འགྱུར་གྱི་བར་ཁྱད་དང་ཧེ་བག་བསྟན་ཡོད་པ་དང་། ཆེ་ས་ནས་ཁོ་མོ་གཉིས་ཀྱིས་མཚོན་པའི་མི་རིགས་འདིའི་འཕེལ་འགྱུར་གྱི་ངོས་གཉིས་ལས་ཕྱོགས་གཅིག་དེ་སྤྱི་ཚོགས་འདྲེས་སྡོད་ཀྱི་འཁོར་ཡུག་ཁྲོད་ཤེས་ཡོན་སློབ་གསོ་སོགས་དང་དེང་རབས་ཀྱི་འཚོ་བའི་མཐུན་རྐྱེན་སོགས་བརྒྱུད་ཀྱིན་པ་མ་ཟད་ཁྱིམ་གཞི་ཡང་གྲོང་ཁྱེར་ལ་བཅོས་ཡོད་པའི་གྲོང་ཁྱེར་བ་དག་བུ་རབས་ཚ་རྒྱུད་དང་བཅས་འཚོ་བའི་དགོས་ངེས་དང་འཁོར་ཡུག་གི་གནས་བབས་སོགས་ཀྱི་དབང་གིས་ཕ་མེས་ནས་བརྒྱུད་པའི་རང་གི་སྲོལ་རྒྱུན་དང་རིག་གཞུང། གོམས་གཤིས་སོགས་ལ་གོམས་འདྲེས་ཉུང་བའམ་ཁ་ཐག་རྒྱང་ནས་རྒྱང་དུ་གྱེས་བཞིན་པ་མ་ཟད་མི་འགྱངས་པར་རིག་གཞུང་གཞན་ཞིག་གི་ངོ་བོར་མི་འཐིམ་པའི་ངེས་པ་མེད་པ་དང་། ཕྱོགས་གཞན་དེ་ཕ་ས་ཕ་ཡུལ་ན་ཕྱུགས་ཟོག་འཚོ་སྐྱོང་དང་སོ་ནམས་ཀྱི་ལས་ལ་འབད་པའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་འཁོར་ཡུག་ན་ད་དུང་ཡང་ཤེས་བྱ་དང་སློབ་སྦྱོང་གི་གོ་སྐབས་ཉུང་ལ་འཕེལ་འགྱུར་གྱི་འགྲོས་དལ་ཞིང་དུས་རབས་ཀྱི་རྗེས་སུའང་ལྷག་ཡོད་པ་མ་ཟད་མཐོ་སྒང་གི་རི་མཐོ་ལུང་གཟར་ནས་གྲགས་མེད་ཚོར་མེད་ཀྱིས་ག་ལེར་མེད་པར་མི་འགྲོ་བའི་ངེས་པ་མེད་པས། བུད་མེད་མི་སྣ་འདི་གཉིས་ཀྱི་ལས་དབང་དང་འཚོ་བའི་མཐུན་རྐྱེན། སྤྱི་ཚོགས་ཀྱིས་སྤྲད་པའི་འགན་དབང་སོགས་ཀྱི་གནས་སྟངས་ལ་གཤིབ་སྡུར་བྱས་ནས་གནད་དོན་གང་མང་ཞིག་གི་བསམ་གཞིགས་དང་གདོང་ལེན་གྱི་འོས་འགན་དེ་ང་ཚོའི་མིག་མདུན་དུ་ཡང་སྐྱར་བསྣུར་ཡོད་པ་མཐོང་།
གཉིས། རི་དྭགས་གསའ་དང་འབྲོག་པ་སྦྱིན་པ་གཉིས་ཀྱི་ལས་དབང་གི་གཤིབ་སྡུར།
སྒྲུང་གི་ངོ་གདོང་ནས་རི་དྭགས་གསའ་དང་སྦྱིན་པ་གཉིས་ཀྱི་ཕྱོགས་སོ་སོའི་འཚོ་སྡོད་ཀྱི་གནས་བབས་དང་མཐུན་རྐྱེན། ཁ་ཟས་ལྟོ་ཕོགས་འཚོལ་སྒྲུབ་ལ་ཐུག་ཡོད་པའི་འགལ་འདུའི་རྒྱུད་རིམ་ལ་བརྟེན་ནས་འཁྲབ་ཁྲིད་པས་ང་ཚོའི་འཚོ་གནས་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ལ་གཞུགས་ནས་མི་རིགས་འདིའི་འཕེལ་འགྱུར་དང་གནས་བབས། འཚོ་སྡོད་ཀྱི་རིན་ཐང་སོགས་ཕྱོགས་སམ་ངོས་མང་བོ་ནས་མཚོན་ཐབས་བྱས་ཡོད་ལ་དམིགས་བསལ་དགོས་ངེས་ཀྱིས་སྦྱིན་པའི་ཨ་ཕ་དང་ནུ་བོ་ཨ་ཁུའི་སྣང་བརྙན་དེ་བཞེངས་བཀོད་བྱས་ནས་ཁོང་གཉིས་ཀྱི་བསམ་བློའི་སྙིང་སྟོབས་ཀྱིས་མཚོན་པའི་བོད་ཀྱི་རིག་གཞུང་གི་རིན་ཐང་གླེང་ཡོད། ལྷག་པར་དུ་ད་ལྟའི་སྤྱི་ཚོགས་ཁྲོད་མིའི་རིགས་ཀྱི་བསམ་བློའི་ཁྱབ་ཁོངས་ནས་སྒེར་སེམས་དང་ཧམ་པ། ལས་འབྲས་གོ་ལྡོག་དང་དབང་རྒྱུ་བཙན་གསུམ་གྱིས་སྤྱི་ཚོགས་ལ་ཁ་ལོ་སྒྱུར་ཞིང་། ཡོད་ཚད་དཔལ་འབྱོར་དང་སྒོར་གྱིས་འཇལ་པའི་དུས་སྐབས་འདིར་སངས་རྒྱས་ཆོས་ལུགས་ཀྱི་བླ་མེད་ལྟ་གྲུབ་ཀྱིས་བཏེགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་བྱམས་དང་སྙིང་རྗེ། བདག་ལས་གཞན་གཅེས། ལྷག་པར་དུ་ཨ་ཁུའི་གྲང་ངར་ཁྲོད་ཀྱི་སྟག་མོར་ལས་སྦྱིན་ལྟ་བུའི་བསམ་བློའི་སྙིང་སྟོབས་གཙོས་བོད་ཀྱི་རིག་གཞུང་གི་རིན་ཐང་གིས་མིའི་རིགས་འཚོ་སྡོད་ཀྱི་འཁོར་ཡུག་གི་མི་དང་མི་། མི་དང་སེམས་ཅན། མི་དང་རང་བྱུང་ཁོར་ཡུག་བར་གཅིག་ལ་གཅིག་བརྟེན་དང་ཞི་བདེ་མཉམ་གནས་ཀྱིས་གནས་ཐབས་སོགས་བསམ་བློའི་འཇིག་རྟེན་བཞེངས་བཀོད་ལ་མཆོག་ཏུ་སྨན་པ་དངོས་ཤུགས་བརྒྱུད་གསུམ་ནས་ར་སྤྲོད་བྱས་ཡོད་པ་དང་། ད་ལྟའི་ཆར་རིག་པའི་གཞུང་ལུགས་འདི་གཤིས་རྒྱུད་ལ་ཉར་བའི་མི་རིགས་འདི་རྐྱེན་ངན་དུ་མའི་དབང་གིས་ས་སྒང་རིལ་བུ་འདིའི་སྟེང་ནག་སུབ་ཏུ་འགྲོ་ཉེན་ཡོད་པ་སྒྲུང་གི་སྤྱི་ཁོག་ཁེབས་པའི་འབྲོག་པ་སྦྱིན་པའི་ཁོར་ཡུག་གིས་མཚོན་པར་བྱུས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་ཀྱི་རི་དྭགས་གསའ་ཡི་གནས་བབས་དང་ལས་དབང་ལ་གཤིབ་སྡུར་བྱས་ཡོད་པ་མ་ཟད་རི་དྭགས་གསའ་ལས་ཀྱང་མི་རིགས་འདི་འཇིག་ཉེན་ལ་ཐུག་ཡོད་པ་རྒྱལ་ཁབ་ཀྱི་གཞུང་འཛིན་པ་ལ་གསལ་འདེབས་དང་འབོད་སྐུལ་བྱས་ཡོད་པར་མཐོང་། འདི་ཡང་མི་བུ་ཁོང་གི་མི་ཚེའི་ཁྲོད་གློག་བརྙན་སྒྱུ་རྩལ་བརྩམས་ཆས་འཚོལ་སྙེགས་ཀྱི་བག་ལ་ཉལ་བའི་རིན་ཐང་ལྟ་ཚུལ་དང་མི་རིགས་ཤིག་གམ་རིག་གཞུང་ཞིག་གི་འཚོ་སྡོད་དང་གནས་ཐབས་ལ་ཁུར་བའི་བསམ་བློའི་འོས་འགན་དེ་ཡིན་པས་《གསའ》འདི་གངས་རིའི་ལས་དབང་ལ་བཞག་པའི་སེམས་གཏིང་གི་གདུང་འབོད་ཐ་མ་དེ་ཡང་ཡིན་པར་བསམ།
2024 ལོའི་ཟླ 3 པར།