Back To Top

རིན་ཐང་དང་སྒྱུ་རྩལ་གྱིས་ཕོང་བའི་ཨོ་ལིམ་འགྲན་ཚོགས་ཐེངས། ༣༣ པའི་མཛད་སྒོ།

བཀླགས་གྲངས། 1232

རིན་ཐང་དང་སྒྱུ་རྩལ་གྱིས་ཕོང་བའི་ཨོ་ལིམ་འགྲན་ཚོགས་ཐེངས། ༣༣ པའི་མཛད་སྒོ། 

                                                         རྡོ་གོར་མོ། (པཱ་ཝེ)

        ཨོ་ལིམ་པིག་ལུས་རྩལ་རྩེད་མོ་འདི་ད་ལྟའི་བར་ཐེངས ༣༣ འཚོགས་ཡོད་པ་དང་འཛམ་གླིང་གི་རྩེད་འགྲན་ཆེན་མོ་འདི་ནི་ཐོག་མར་གནའ་བོའི་གྷི་རི་སིའི་ལུས་རྩལ་དང་ཆོས་ལུགས་ཀྱི་དུས་ཆེན་ཞིག་ཡིན་ཞིང་། སྤྱི་ལོའི་སྔོན་གྱི་ལོ་ ༧༧༦ ནས་སྤྱི་ལོ་ ༣༩༤ བར་གྷི་རི་སིའི་གྲོང་ཁྱེར་ཨོ་ལིམ་པི་ཡའི་ནང་ཁྱོན་བསྡོམས་རྩེད་མོ་ཐེངས་ ༢༩༣ འཚོགས་ཡོད། སྤྱི་ལོ་ ༣༩༣ ལོར་རཱོ་མ་རྒྱལ་ཁབ་ཀྱི་རྒྱལ་བོ་ཐེ་ཨོ་ཌོ་སི་ཡུ་ཁྲི་རབས་དང་པོས་ཆོས་ལུགས་གྲུབ་མཐའི་འགལ་རྐྱེན་ལ་བརྟེན་ནས་ཨོ་ལིམ་པིག་རྩེད་འགྲན་དེ་མཚམས་འཇོག་དང་གཏན་འགོག་བྱས། དེ་ནས་ཧ་ལམ་ལོ་ ༡༥༠༠ རྗེས་ཀྱི་དུས་རབས་བཅུ་དགུ་བའི་ནང་ཧྥ་རན་སིའི་སློབ་གསོ་བ། PierredeCoubertin ་ཕེ་ཝེ་ཌི་ཀོ་བྷར་ཊིན་ལགས་ཀྱིས་འཇར་མན་གྱི་ཞིབ་འཇུག་པ་ ཁོར་ཏི་སི། Curtius ལགས་ཀྱི་ཞིབ་འཇུག་སྙན་ཐོ་ལ་གཞུགས་ནས་གནའ་ཤུལ་དེ་རྙེད་སོན་བྱུང་བ་དང་ལུས་རྩལ་རྩེད་མོ་འདི་སླར་གསོ་བྱས། དེ་ནས་ད་ལྟའི་བར་རྩེད་འགྲན་འདི་ཐེངས་སུམ་ཅུ་སོ་གཉིས་ལ་འཚོགས་པ་དང་ ༢༠༢༤ ལོའི་ཨོ་ལིམ་པིག་རྩ་ེད་འགྲན་དེ་ཧྥ་རན་སིའི་རྒྱལ་ས་པཱ་ཝེ་ནས་འཚོགས། 

        གོ་ལ་ཧྲིལ་བོའི་མི་མང་ཚང་མ་ coved-19 ནད་དུག་གི་འཇིགས་སྣང་ལས་ཐར་ཙམ་ནས་སླར་ཡང་ར་ཤཱི་ཡ་དང་ཡུ་ཁུ་རེན་གྱི་དམག་འཁྲུག  དེ་ནས་ཨེ་ཟི་རད་དང་ཧ་མ་ཟིའི་དམག་འཁྲུག་སོགས་འཛམ་གླིང་ཧྲིལ་བོ་ཟིང་ཟིང་ལོང་ལོང་དུ་གྱུར་བའི་དུས་འདིར་རྒྱལ་ཁབ་གང་ས་གང་ནས་ཕེབས་པའི་ལུས་རྩལ་བ་དང་། འཐུས་ཚབ་དག་གནས་མཆོག་པཱ་ཝེ་ལ་འཛོམས་ནས་རཱོ་མན་དང་སྒྱུ་རྩལ་གྱིས་བསླད་པའི་གནས་མཆོག་འདིའི་མཛེས་སྡུག་དང་བརྗིད་ཆགས། བག་ལ་ཉལ་བའི་ཞི་བདེ་མཉམ་གནས་དང་རེ་བ་དང་སྨོན་འདུན་གྱིས་ཁེངས་བའི་མཛད་སྒོའི་ལེགས་སྐྱེས་གྱི་ནོམ་པ་ཞིག་འཛམ་གླིང་མི་མང་གི་མིག་གི་བདུད་རྩིར་འབུལ་བའི་བསམ་འདུན་ཅི་འདྲའི་ཆེའང་།   ཡིན་ནའང་། གཱོལ་(Gaule)མེས་པོའི་སྙིང་སྟོབས་དང་རྣམ་དཔྱོད་དུ་བཞུར་བའི་སཱེན་གཙང་བོའི་འབབ་རྒྱུན་དེད་ནས་རྒྱལ་ཁབ་རེ་རེའི་འཐུས་ཚབ་དང་ལས་རྩལ་བ་དག་གྲུ་གཟིངས་ལ་བསྡད་དེ་གཙང་ངོགས་གཡས་གཡོན་ན་མེས་པོའི་སྙིང་སྟོབས་ཀྱིས་བཞེངས་ཤིང་གྲོངས་ངེར་འགྲེང་བའི་ཡུམ་མཆོག་ལྷ་ཁང་དང་། ལོའུ་བག་འགྲེམ་སྟོན་ཁང་སོགས་གནའ་བོའི་བཟོ་བཀོད་དང་སཱེན་གཙང་བོ་ཐད་དུ་གཅོད་པའི་ཨ་ལེ་ཁུ་ཟང་ཏར་ཟམ་ཆེན་སོགས་བརྒྱུད་དེ་ཨེ་ཧྥུད་ལྕགས་ཀྱི་མཆོད་རྟེན་གྱི་ཕྱོགས་སུ་བསྐྱོད་པ་ནི་ཡ་ཆུང་སེམས་ཀྱི་སྨྲེང་བ་དྲན་པའི་མཁའ་ལ་འཕྱོ་རུ་འཇུག་པའི་སྒྱུ་སྩལ་གྱི་རོལ་མྱོང་ཞིག་ཅི་ལ་མིན། ཡིན་ན་ཡང་། ཐེངས་འདིའི་མཛད་སྒོའི་འཁྲབ་སྟོན་དེ་དག་ནི་མི་གང་མང་ཞིག་གི་བློ་ཡུལ་ལས་འདས་པའི་དགོད་མཚར་གྱི་རྩེད་མོ་ཙམ་དང་། རིན་ཐང་དང་སྒྱུ་རྩལ་གྱིས་ཀུན་ནས་ཕུང་བ། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་སྙིང་སྟོབས་དང་དད་འདུན་སོགས་ལ་དམའ་འབེབ་དང་། ལྷན་སྐྱེས་དང་རྒྱུ་འབྲས་ཀྱི་རྣམ་བཞག་ལ་འགྲན་སློང་བའི་མཚན་མཐུན་གྱི་འཁྲིག་སྤྱོད་དང་ལོག་གཡེམ་སོགས་ཀྱི་རྣམ་འགྱུར་གྱིས་བསླད་པའི་ཆགས་སྲེད་ཀྱི་འཁྲབ་སྟོན་ཙམ་ཡིན་པ་ཅི་འདྲའི་བློ་ཕམ་པ་ཞིག་རེདའང་། དེ་ཡང་ས་སྒང་རིལ་བོ་འདི་སྤྱི་ལ་དབང་བའི་ལྟད་མོ་འདིའི་མཛད་སྒོ་ནི། སྤྱིར་ཡིན་ན་འཛམ་གླིང་ཧྲིལ་བོའི་ཐུན་མོངགི་ལྟ་གྲུབ་དང་སྨྲ་ཤེས་དོན་གོ་བ་ཅན་གྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལྟ་ཚུལ་སོགས་ངོ་བོ་དང་རྒྱབ་ལྗོངས་སུ་འཇོག་དགོས་པ་ནི་ཆོས་ཉིད་དང་གནས་ལུགས་སུ་འོས་པ་དང་། སྐབས་འདི་དང་དུས་འདི་ལ་ས་སྒང་ཧྲིལ་བོ་འདིའི་ཡུལ་ལུང་དང་མི་རིགས་མི་གཅིག་པ་ག་ཚོད་ཀྱིས་སོ་སོའི་ནང་མི་དང་ལྷན་དུ་རེ་བས་བསྒུགས་ཏེ་ལྟད་མོ་འདིར་རོལ་བར་འདོད་ཡོད་འང་། ཡིན་ནའང་མཛད་སྒོ་འདིའི་འཁྲབ་སྟོན་གྱི་ནང་དོན་ཕལ་ཆེ་བ་ནི་རྒྱུན་ལྡན་གྱི་མིས་ལྟ་བཟོད་མེད་པའི་ཅི་འདྲའི་སྐྱུགས་བྲོ་བ་ཞིག་རེདའང་།

      གཅིག  མཚན་མཐུན་ཆགས་སྤྱོད་དང་མཚན་མཐུན་མིན་མཉམ་བསྲེས་ཀྱི་ཆགས་སྤྱོད་པ། ཕོ་མིན་མོ་མིན་དང་ཕྱོགས་གསུམ་ཆགས་སྤྱོད། བྱིས་པར་ཆགས་པ་སྤྱོད་མཁན། (Pedophilia) སོགས་ཀྱི་ནང་དོན་དང་རྣམ་འགྱུར་གྱིས་མཚོན་པའི་འཁྲབ་སྟོན་དེ་དག་གིས་འདྲ་མཉམ་དང་ཞི་བདེ་མཚོན་གྱི་ཡོད་པ་དང་ཕུལ་བྱུང་གི་སྒྱུ་རྩལ་མཚོན་ཐབས་གསར་བ་ཞིག་ཡིན་རབས་བཤད་ཡོད་མོད། འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་གྲུབ་ཆ་དང་། བྱེད་ནུས་སོགས་གང་ལ་གཞིགས་ཀྱང་འཇིག་རྟེན་ཕོ་རེའི་རྩིབས་ན་མོ་རེ་ཟེར་བའི་ཁ་དཔེ་ལྟར་ཕ་དང་མའི་བརྩེ་བའི་ཁུ་ཁྲག་མཉམ་འདྲེས་ཀྱི་ས་བོན་ལ་བརྟེན་ནས་མི་འབྱུང་བ་དང་དེ་མ་རྩ་བྱས་ནས་མིའི་སྤྱི་ཚོགས་བྱུང་ཞིང་། དེ་ནས་རིམ་པས་ཕ་མའི་བརྩེ་བའི་གཉོར་སྐྱོང་ལ་བརྟེན་ནས་བདེ་ཐང་དང་རྒྱུན་ལྡན་གྱི་མིའི་སེམས་ཁམས་གྱི་འཁོར་ཡུག་ཅིག་ཆགས་པ་དང་། གྲོ་བཏབ་ན་གྲོ་སྐྱེ་བའི་ལས་འབྲས་ཀྱི་རྣམ་བཞག་ལྟར་རྒྱུན་ལྡན་གྱི་མིའི་རིགས་ཀྱི་རྣམ་དཔྱོད་དང་འཚོལ་སྙེག་ལ་བརྟེན་ནས་རིམ་པས་མིའི་རིགས་འཚོ་སྡོད་དང་འོད་དུ་འཚེར་བའི་ཕུགས་འདུན་དང་འཚོལ་སྙེགས་སོགས་ཀྱི་ཐུན་མོང་གི་འབད་བརྩོན་ལས་མིའི་འཚོ་གནས་ཀྱི་རྩོམ་རིག རོལ་དབྱངས། ཞབས་བྲོ། རི་མོ། འཇིམ་བཟོ། འཁྲབ་སྟོན། བཟོ་སྐྲུན། གློག་བརྙན་སོགས་སྒྱུ་རྩལ་གྱི་ཆ་ཡོད་ཚད་ཀྱང་གཙོ་བོ་རྒྱུན་ལྡན་གྱི་མིའི་འཚོ་གནས་མ་རྩ་བྱས་ནས་གྲུབ་པ་ཞིག་ཅིས་མིན། ཡིན་ཡང་མིའི་སྤྱི་ཚོགས་ཁྲོད་ལྷན་སྐྱེས་ནས་མཚན་མཐུན་ཆགས་སྤྱོད་པའི་སེམས་ཁམས་ཡོད་མཁན་ཡང་ཧ་ཅང་གིས་ཉུང་ཤས་རེ་ཡོད་པ་དེར་ངོས་ལེན་དང་དོ་ཁུར། བདག་སྐྱོང་། གུས་ཞབས་སོགས་བྱེད་དགོས་པ་ནི་མིའི་སྤྱི་ཚོགས་ཀྱི་འོས་འགན་དུ་གྲུབ་ལོས་ཡོད། ཡིན་ཡང་ཐེངས་འདིའི་མཛད་སྒོའི་འཁྲབ་སྟོན་དེ་ཕོ་མིན་མོ་མིན་མཉམ་བསྲེས་ཀྱི་ཆགས་སྲེད་དང་ལོག་གཡེམ་སོགས་ཀྱི་རྣམ་འགྱུར་དང་གར་སྟབས་ཀྱིས་མིའི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་བོའི་འོད་སྟོང་གི་ཤེས་པའི་དཔལ་ཡོན་དང་། སྒྱུ་རྩལ་གྱི་ཚབ་མཚོན་ཐབས་མེད་ལ། རྒྱུན་ལྡན་གྱི་མིའི་སྤྱི་ཚོགས་ལ་མཚོན་ན། ནང་དོན་དེའི་རིགས་ནི་གསལ་སྟོན་དང་འུར་སྒྲོག་མི་བྱེད་པའི་འཛེམ་བྱ་ཞིག་ཏུ་ངོས་འཛིན་གྱིས་ཆགས་སྲེད་འཁྲིག་སྦྱོར་གྱི་རིགས་འདི་ད་གཟོད་དམའ་རིམ་སྲོག་ཆགས་སམ་སེམས་ཅན་དུད་འགྲོའི་རིགས་ཀྱིས་ད་གཟོད་སྨྲ་མི་ཤེས་ཤིང་དོན་མི་གོ་བས། འཛེམ་དོགས་མེད་པར་གནས་ངེས་མེད་དུ་བྱེད་པས་འདིའི་རིགས་སྒྱུ་རྩལ་དུ་མཐོང་བ་ནི། སྒྱུ་རྩལ་གྱི་རིན་ཐང་དང་ངོ་བོ་མ་རྟོགས་པར་འདོད་དོ། །

      གཉིས། སྲོལ་རྒྱུན་དང་ཆོས་ལུགས། དད་པའི་སྙིང་སྟོབས་སོགས་ལ་དམའ་འབེབ་བྱས་ཡོད་པར་འདོད། 

ཆོས་ལུགས་སྤྱིའི་ངོ་བོ་རགས་ཏུ་བཤད་ན་ཆོས་ལུགས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་གྲུབ་ཀྱི་བསམ་བློའི་བཟོ་བཀོད་ཅིག་ཡིན་ལ། དེ་ཡང་རང་རང་གི་ཆོས་ཀྱི་ལུགས་སམ་བསམ་བློས་དཔགས་མཐར་གྲུབ་པའི་མཐའ་སྡོམ་ཚིག་ལ་བཞག་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་དང་། ནང་བཅུད་ཀྱི་སེམས་ཅན་གྱི་སྐྱེ་ཁམས་གྲུབ་ལུགས་དང་། ཚེ་སྲོག་དང་ཤེས་པའི་རྒྱུན་གྱི་འཕོ་འགྱུར། དེ་བཞིན་འགྲོ་འདུག་སྤྱོད་གསུམ་སོགས་བླང་དོར་གྱི་གནས་སོགས་ནང་དོན་དུ་བཞག་པའི་གྲུབ་མཐའི་གཞུང་ལུགས་ཟབ་རྒྱས་དེ་ཡིན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་ཁྲོད་ཀྱི་ཤེས་བྱ་དང་གྲུབ་པའི་འབྲས་བུ་ཡོད་ཚད་ཀྱང་ཆོས་ལུགས་དང་སྲོལ་རྒྱུན་ལ་གཞིར་བཞག་ལས་བྱུང་ཡོད་པ་བསྙོན་དུ་མེད་པའོ། །

དེ་ལྟ་ན། ཐེངས་འདིའི་མཛད་སྒོའི་འཁྲབ་སྟོན་ཁྲོད་ཀྱི་བརྫི་དཀྲུག་རྒྱལ་མོ། (dragqueen) ཞེས་པ་དེ་ནི་དུས་རབས་བཅུ་བཞིའི་མཇུག་ལ་ཨེ་ཁྲ་ལིའི་སྒྱུ་རྩལ་དང་རི་མོ་བ། ལྡའ་བན་སིས་ LeonardodaVinci  བྲིས་པའི་ཡེ་ཤེས་སྟོན་པའི་༼མཐའ་མཇུག་གི་ནུབ་ཟས།༽ LastSupper ཟེར་བའི་རི་མོ་སྐད་གྲགས་ཅན་དེར་དཔེར་ལེན་བྱས་ཏེ་ཕོ་མིན་མོ་མིན་ཁྱུ་ཞིག་གིས་ཡེ་ཤི་སྟོན་པའི་ནང་འཁོར་བཅུ་གཉིས་ཀྱི་རྣམ་པ་བྱས་ཏེ། ཟུར་ཟ་དང་དམའ་འབེབ་བྱས་ཡོད་པ་ཞིག་རེད། འདི་ལྟ་བུའི་མཚོན་དོན་དེས་ཆོས་ལུགས་སྤྱི་དང་ལྷག་པར་དུ་མིའི་རིགས་ཀྱི་དད་པ་དང་དད་པའི་སྙིང་སྟོབས། སྲོལ་རྒྱུན་གྱི་ལྟ་གྲུབ་སོགས་ལ་འགྲན་བཙུགས་པ་ཞིག་ཀྱང་ཅིས་མིན། ད་དུང་མགོ་གཏུབ་པའི་རྒྱལ་མོར་ཟུར་ཟ་དང་། ངོ་གདོང་མེད་པའི་མེ་འཁྱེར་བ་སོགས་མགོ་མཇུག་གི་ཁྲག་དང་མུན་ནག་གི་མཚོན་ཁྲའི་སྡེབ་སྦྱོར་དེས་ཀྱང་མི་སེམས་ལ་སྤྲོ་སྐྱིད་དང་རེ་བའི་དགའ་སྣང་ཞིག་ཕར་ཞོག བསམ་བློའི་གཏིང་ནས་སྐྱི་གཡའ་བ་དང་དོགས་མི་བདེ་བའི་ཚོར་སྣང་དྲག་པོ་ཞིག་སྤྲོད་ཀྱིན་འདུག དེ་དག་རྒྱུ་རྐྱེན་དུ་བཞག་ནས་བལྟས་ན་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོའི་འཁྲབ་སྟོན་ནི། སྒྱུ་རྩལ་དང་རིན་ཐང་གིས་ཀུན་ནས་ཕུང་བའི་མདོ་མེད་ཀྱི་དགོད་སྒྲུང་ཞིག་དུ་སྣང་ངོ་། 

                                  2024.07.29 


ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་མཛད་སྒོ་སྤྱིའི་སྒྱུ་རྩལ་ཇུས་འགོད་པ། ཐོ་མཱ་སི་ཇོ་ལི། Thomas Jolly
2024-08-03 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།