ཧྥ་ཇག་དབྱར་གནས་རིག་གཞུང་འགྲུལ་བཞུད་སྐབས་གསུམ་པའི་སེམས་འགྱུ།
རྡོ་གོར་མོ།
བཀླགས་གྲངས། 584
གསེར་མདོག་མཚོ་འགྲམ་བྱེ་ཐང་གི་འཆར་ཡན།
གཅིག
སེང་ཐེ་ར་རི་རྒྱུད་ SintraMountains ཀྱི་ཀ་བྷོ་ངྷ་རཱོ་ཁའི་ CabodaRoca གཡང་གི་སྤོར་འགྲེང་ནས་རྒྱང་ལྟ་བྱས་ན། སྔོ་མེར་མེར་གྱི་རྒྱ་མཚོ་ཆེན་མོའི་རྒྱང་ཕྱོགས་ཀྱི་མཚོ་མཐར་ཆུ་སྤྲིན་དཀར་བོས་གཡོགས་ཤིང་བྲག་རྩ་དང་མཚོ་མཐའ་ན་འབུར་དུ་ལང་བའི་དཀར་ཚོམ་ཚོམ་གྱི་བྲག་རྡོ་དག་ལ་རླུང་གིས་དེད་པའི་རླབས་རྒྱུན་ཐེབས་པའི་འུར་སྒྲ་དེ་རྣ་ལམ་དུ་འཇགས་མེད་འཁོར་ཡོང་བ་དང་། མཚམས་དང་སྐབས་སུ་ཡུལ་སྐོར་གནས་མཇལ་བའི་རྒྱུས་མེད་སྐད་ཆ་དང་མཚོ་མཐར་འཁོར་བའི་བྱ་ཚོགས་ཀྱི་སྐད་དག་ཀྱང་གསལ་ལྷང་ལྷང་རྣ་བའི་བུ་གར་ཞུགས་པར་བྱེད། ལན་རེར་གློ་བུར་དུ་འཐིབ་པའི་སྨུག་པ་ལང་ལོང་གིས་མཐོང་ལམ་ཡོངས་སུ་འགོག་ཅིང་། ཡང་སྨུག་པ་རྒྱུ་བའི་བར་གསེང་དག་ནས་རི་ངོས་ཀྱི་བྲག་རྡོ་དང་སྔོ་ལྗང་གི་རྩི་ཤིང་ལ་ཁ་ཏོག་ཁྲ་ཀྱི་ལེར་འཁྱིལ་བའི་མེ་ཏོག་སྣ་ཚོགས་ཀྱི་མདངས་ཀྱིས་རབ་ཏུ་བརྒྱན་པར་བྱས་ཏེ་རང་བྱུང་ཁམས་ཀྱི་མཛེས་སྡུག་ཅིག་ཅར་དུ་ཚོར་ལམ་ལ་སྤུངས་ནས་ཡིད་སེམས་དབང་མེད་འགུགས། དེ་བས་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་དག་མཐའ་ཡས་རྒྱ་མཚོའི་རླབས་སྒྲ་དང་བསྡོངས་པའི་རྒྱང་རིང་གི་མཐོང་རྒྱ་འདིས་ལེ་དབར་ཁྲི་ཕྲག་གི་ཕ་མཐར་ལོ་ཟླའི་བཞུར་རྒྱུན་གྱིས་དྲག་དུ་སྐྱོམ་པའི་ཕ་མ་སྤུན་མཆེད་དང་ཕ་ས་སྨུག་པོ་དྲན་གདུང་གིས་དེད་དེ་སྨྲེང་བའི་མཆི་མ་ཡང་ཡང་མྱིད་རྒྱུ་འབྱུང་།
གཡང་གཟར་དེའི་མཐའ་ན་གྲོང་ངེར་འགྱིང་བའི་རྒྱ་གྲམ་གྱི་རྡོ་རིང་གི་ངོས་སུ་“ ས་གཞི་ཆེན་མོ་འདི་ནས་མཇུག་སྒྲིལ་ཞིང་། ནུབ་ཀྱི་རྒྱ་མཚོ་འདི་ནས་མགོ་ཚུགས་ཡོད།” ཅེས་སྐད་གྲགས་ཅན་གྱི་སྙན་ངག་པ་ཁཱ་མོའུ་སི LouisdeCamões (ལོ་༡༥༢༥ ནས་ལོ་༡༥༨༠ ལོའི་ཟླ ༦ ཚེས་བཅུ། )ཡི་སྙན་ཚིག་ཚན་པ་དེ་བྲིས་འདུག་ལ། རྡོ་རིང་འདི་ནི་གོ་ལ་ཟླུམ་པོ་འདིའི་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་ནུབ་ཀྱི་མཐའ་རྫོགས་ནས་ཕྱི་ཡི་རྒྱ་མཚོ་ཆེན་མོར་ཐུག་པའི་ས་སྣེ་ཏག་ཏག་ཡིན་པ་དང་། རྒྱལ་ཁབ་འདིའི་མེས་པོ་དག་རྣམ་དཔྱོད་དང་སྤོབས་པའི་འཚོལ་སྙེག་ལ་བརྟེན་ནས་ས་སྒང་རིལ་བུ་འདིའི་གནམ་ས་མཚོ་གསུམ་བསྣོལ་མར་བསྡེབ་པའི་གྲུ་ཟུར་འདི་ནས་ཆས་ཏེ། འཚོ་སྡོད་ལ་མེ་ཕུང་གི་བུན་ཐོ་དང་པོ་བཞག་སྟེ་ས་གཞི་ཆེན་པོའི་ཉིང་བཅུད་བཏུལ་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་འདི་བཙུགས་པར་བཤད།
དེ་ནས་རྒྱ་གྲམ་རྡོ་རིང་དེ་དང་ཐག་མི་རིང་བའི་སྟོད་ཀྱི་རི་རྩེར་ཕྱོགས་སྟོན་གྱི་འོད་ཁང་དམར་བོ་དེར་དཔག་ཚད་བརྒྱ་ཡི་རྒྱང་ཐག་ཆོད་པའི་འོད་སྒྲོན་ཞིག་ཡོད་པ་དང་། དེས་རྒྱ་མཚོར་སྐྱོད་པའི་གྲུ་གཟིངས་དག་ལ་ཁ་ཕྱོགས་སྟོན་པའི་ཕྱོགས་སྟོན་འཁོར་ལོ་བཞིན་གྲུ་ག་འདིའི་ཕྱོགས་བཞི་མཚམས་བརྒྱད་དང་གནམ་ས་གོ་འབྱེད་པའི་འོད་ཀྱི་ཐིག་ལེ་བཞིན་རི་རྒྱུད་འདིའི་མཇིང་ན་ཁ་དོག་གིས་འཚེར། དེ་ཡང་རི་རྒྱུད་འདིའི་རཱོ་ཁའི་གཡང་གཟར་ནས་གཡས་ཀྱི་ཕྱོགས་སུ་བསྐྱོད་ན་མཚོ་མཐའི་གནས་སྟེ་ཨ་རོ་རད་མཚོ་འགྲམ་བྱེ་ཐང་ངམ་དམྱལ་བའི་འགག་སྒོ། PraiadaAroeira དང་། ཡཱོར་ཟ་མཚོ་འགྲམ་བྱེ་ཐང་། UrsaBeach སོགས་ཡོད། ལྷག་པར་གཡོན་གྱི་མཚོ་མཐའ་བརྒྱུད་ནས་སོང་ཚེ་དགོ་ཡེན་ཞོའམ་ PraiadoGuincho གསེར་ལྡན་མཚོ་འགྲམ་བྱེ་ཐང་ཡོད་པ་དང་། དེ་ནི་ས་ཕྱོགས་འདིའི་ལོ་རྒྱུས་དང་ངག་རྒྱུན་གྱིས་ཕྱུག་པའི་མཚོ་མཐའི་བྱེ་ཐང་ངམ་བྱེ་གླིང་རྩེ་ཕུད་དེ་ཡིན་པར་བཤད།
གཉིས།
དབྱར་གཞུང་གི་ཞོགས་པ་འདིའི་ཉི་ཟེར་ཤར་གྱི་རི་རྩེ་ནས་ད་དུང་འཕྲོས་མེད་ཀྱང་། གནམ་གཤིས་ཧ་ཅང་དྲོ། རྒྱང་རིང་ནས་རིམ་བཞིན་གཅིག་ལ་གཅིག་མཐུད་དེ་མཚོ་མཐའི་ཕྱོགས་སུ་བང་འགྲན་པའི་རླབས་ཕྲེང་དག་ཅི་ཞིག་གི་ཆེད་དུ་རྒྱུག་པ་བཞིན་བྱེ་གླིང་ཆུང་ཆུང་འདིར་གྲང་བསིལ་བསིལ་གྱི་ལྷགས་རླུང་གཏོང་བཞིན་འདུག མཚོ་འགྲམ་གྱི་ཆང་ཁང་དང་ཟ་ཁང་དག་ད་དུང་སྒོ་ཕྱེས་མེད་ལ་རླུང་གི་རྒྱུ་ཕྱོགས་ལས་ཐོས་པའི་རླབས་སྒྲ་དང་སྐབས་སྐབས་སུ་སྐད་ཅོར་རྒྱག་པའི་མཚོ་བྱའི་སྐད་ཐར་ཐོར་སོགས་རང་བྱུང་གི་སྐད་སྒྲ་ལས་མཚོ་འགྲམ་འདི་ཧ་ཅང་ལྷིང་འཇགས་སུ་གནས་འདུག ནམ་རིམ་གྱིས་ཇེ་གསལ་དུ་འགྲོ་བཞིན་ཡོད་མོད་རྒྱང་རིང་གི་མཚོ་མཐའི་ཕྱོགས་ངོས་དེ་ད་དུང་དེ་ཙམ་གསལ་བོར་མཐོང་མི་ཐུབ་པ་དང་མཚོ་ངོས་ནས་རིམ་བཞིན་ནག་ཡོར་ཡོར་མཚོ་འགྲམ་ལ་བསྙེག་པའི་གྲུ་གཟིངས་དེ་དག་ནི་ཇེ་གསལ་ནས་ཇེ་གསལ་ཡིན་ལ་རིམ་གྱིས་མཚོ་འགྲམ་ལ་བསླེབ་ལ་ཉེ་ཞིང་ཇག་དཔོན་སཱོ་ལེ་མན་གྲུ་གཟིངས་སྔོན་མ་དེའི་གྲུ་མགོར་འགྲེང་བསྡད་ཡོད་པ་གསལ་བོར་མཐོང་ཐུབ། དེ་ནས་རིམ་པས་ཉི་ཟེར་ཡང་མཚོ་མཐའ་འདིར་རྒྱག་ལ་ཉེ་བ་དང་གྲུ་གཟིངས་དག་ཀྱང་མཚོ་མཐར་འབྱོར། ལག་ལ་གཙོ་ཐག་དང་ཤིང་དུམ་རིང་བོ་བཟུང་བའི་མི་སྐོར་ཞིག་གློ་བུར་དུ་བྱེ་མ་དང་རི་ངོས་འདྲེས་སའི་ཤིང་ནགས་ཐར་ཐོར་གྱི་གསེབ་ནས་མར་གྲུ་གཟིངས་ཀྱི་ཕྱོགས་སུ་མཆོང་མ་རྒྱུག་གིས་ཡོང་གིན་འདུག་ལ། ཁོང་ཚོའི་ནང་བུད་མེད་ལོ་གཞོན་དང་རྒད་པོ་བགྲེས་པོ་ཡང་འདུག ཇག་དཔོན་སཱོ་ལེ་མན་དང་གྲུ་བ་ཚོ་བཅས་ཁོང་ཚོ་མཚོ་མཐའ་ནས་འཛོམས་ཤིང་ཕར་བལྟས་ཚོད་ཀྱིས་དྲན་གདུང་དང་དགའ་ཚོར་སོགས་མཉམ་དུ་སྐྱེས་ཡོད་པའི་ངང་ཚུལ་ཞིག་སྟེ་ཕན་ཚུན་འཐམ་འཁྱུད་བྱེད་ཀྱིན་གསལ་ལྷང་ལྷང་གི་དགོད་སྒྲ་དེ་བར་མེད་དུ་གྲགས་ཡོང་གིན་འདུག་ལ། ཡང་མཚམས་རེར་ངུ་སྐད་ཐར་ཐོར་ཞིག་ཀྱང་ཐོས་ཀྱི་འདུག དེ་ལྟར་སྐད་ཅིག་མའི་ཐོག་མའི་ཐུག་འཕྲད་ཀྱི་དུས་ཡུན་དེ་རྫོགས་རྗེས་ཁོང་ཚོ་བྲེལ་འཚུབ་འཚུབ་ཀྱིས་གྲུ་གཟིངས་ནང་གི་བཅའ་དངོས་དོ་བོ་དག་དབོར་མགོ་མརྩམས། མཚོ་མཐའ་འདི་ན་དམིགས་བསལ་གྱི་གྲུ་ཁ་བཟོས་མེད་པས་གྲུ་གཟིངས་དག་མཚོ་མཐའ་ཏག་ཏག་ལ་ཡོང་ཐབས་མེད་ཀྱང་། མི་འདི་དག་མཚོ་འགྲམ་འདི་དང་ལས་ཀ་འདིར་ཧ་ཅང་རྒྱུས་ལོན་བྱང་ཆ་ལྡན་དེ། ཁ་ཤས་ཀྱིས་དོ་བོ་དག་ལ་ཐག་པའི་འཁུར་ཐག་བརྒྱབ་ནས་རྒྱབ་ལ་ཁུར་བ་དང་ལ་ལས་མི་གཉིས་ཀྱིས་ཤིང་དུམ་གྱི་དཀྱིལ་མར་དོ་བོ་གཅིག་བདམས་ནས་སྔ་རྗེས་ཀྱིས་ཕྲག་སྟེང་ལ་བཞག་ནས་ཚང་མ་བྱེ་མཐའི་ཕྱོགས་སུ་བསྐྱོད། བྱེ་མཐའ་ལ་བསླེབས་རྗེས་དོ་བོ་སྐོར་ཞིག་ས་དེ་ན་དེ་སྔོན་ནས་བརྐོས་ཡོད་པའི་བྱེ་དུང་གི་ནང་གཡུགས་ནས་སླར་ཡང་ཁ་བྱེ་མས་གཡོགས། དོ་བོ་གཞན་དག་མི་དེ་ཚོ་དང་མཉམ་དུ་དེ་སྔོན་ཁོང་ཚོ་ཡོང་སའི་གནས་དེ་ནས་ཤིང་ནགས་ཐར་ཐོར་ནང་རིམ་གྱིས་ཡལ་སོང་། ཁོང་ཚོ་ཁ་མ་གྱེས་པའི་སྔོན་དེར་མི་དེ་དག་གིས་ཇག་དཔོན་སཱོ་ལེ་མན་དང་ཁོའི་ལག་རོགས་པ་ཚོའི་མཁུར་འགྲམ་ལ་འོ་བྱེད་པའམ་འཐམ་འཁྱུད་བྱས་ནས་རྒྱབ་ཕྱོགས་ལ་ལག་ཟུང་གིས་རྡེབ་རྡེབ་བྱེད་ཀྱིན་ཡོད་པ་དང་གདོང་ལ་ཡང་འབྲལ་མི་འདོད་པའི་བཟོ་ལྟའམ་ཡིད་སྐྱོ་སྣང་སོགས་ཀྱི་རྣམ་འགྱུར་འདྲ་མིན་གྱིས་རེ་ཞིག་ཁོང་ཚོའི་འཁོར་ཡུག་དེ་ལྷིང་འཇགས་སུ་བསྒྱུར། ཁོང་ཚོའི་བར་གྱི་འབྲེལ་ལམ་དང་གྲུ་གཟིངས་ནང་གི་དོ་བོ་དག དེ་ཁུར་ནས་གང་ལ་འགྲོ་བ་སོགས་གསལ་བོ་ཞིག་བཤད་ཐབས་བྲལ་མོད། ཇག་དཔོན་སཱོ་ལེ་མན་གྱིས་མི་དེ་ཚོ་འགྲོ་སའི་ནགས་གསེབ་ལ་སྐད་མགོ་ཅུང་དམའ་མོས་ཚིག་འགའ་བཤད་རྗེས་བྱེ་མ་སྤར་མོ་གང་ཤུགས་ཀྱིས་འཆང་སྡོམ་བྱས་ནས་བྲང་ཁར་གླན་ཏེ་ཡིད་ཙམ་བསྡད་ནས་ཁ་ཕྱིར་འཁོར་ཏེ་རྒྱ་མཚོའི་ཕྱོགས་སུ་རྒྱང་ལྟ་བྱས། ཕར་བལྟས་ཚོད་ཀྱིས་གསེར་ལྡན་མཚོ་འགྲམ་འདི་ནི་ཁོང་ཚོ་འཚར་ལོངས་འབྱུང་ས་འམ། མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་སྐྱིད་སྡུག་ལ་དཔུང་བ་མཉམ་གཤིབ་བྱེད་སའི་ཁྱིམ་གཞི་དེ་ལོས་ཡིན་བསམ་པའི་ཚོར་སྣང་ཞིག་སྟེར་བ་དང་། དེས་མཚོ་མཐའ་འདིར་བསྐྱིལ་བའི་འཚོ་གནས་རིན་ཐང་དང་བརྩེ་བའི་བག་ཆགས་སོགས་དཀར་ཆིལ་ཆིལ་གྱི་རླབས་རྒྱུན་དང་བསྲེས་ནས་གསེར་མདོག་གི་བྱེ་གླིང་འདི་ཡང་ཡང་བརླན་པར་བྱེད་ཀྱིན་འདུག དེ་ནས་ཁོས་དོ་བོ་སྐྱེལ་མཁན་གྱི་ལག་རོགས་པ་དག་ཁྲིད་ནས་བྲེལ་འཚུབ་འཚུབ་ཀྱིས་ཕྱིར་གྲུ་གཟིངས་ཀྱི་ནང་ལ་བུད་པ་དང་གྲུ་མགོའི་མཚོན་དར་དམར་བོ་དེ་ཁ་ཏོག་ལྗང་མདོག་ཏུ་བརྗེས་ཏེ་སླར་ཡང་གྲུ་ཁ་རྒྱ་མཚོར་གཏད་ནས་ལམ་ལ་ཆས་ཏེ་རིམ་གྱིས་རྒྱ་མཚོའི་ངོས་སུ་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་བ་དང་མཐར་མི་མཐོང་བར་གྱུར།
ད་ནི་ཉི་མའི་འོད་ཟེར་མཚོ་ངོས་དང་བྱེ་ཐང་ལ་ཡོངས་སུ་འཕྲོས་ཡོད་པས་ཚ་བ་སྔར་ལས་ཚ་ན་ཡང་སྔོ་ལྗང་གཡུ་ཡི་མདོག་ཏུ་འཁྱིལ་བའི་རྒྱ་མཚོ་ཆེན་མོ་དང་། རླབས་ཀྱི་ཕྲེང་བ་དཀར་བོས་ཡང་ཡང་བརླན་པར་བྱེད་པའི་གསེར་མདོག་གི་མཚོ་འགྲམ་བྱེ་གླིང་སོགས་ངོ་བོ་དབྱེར་མེད་དུ་གྲུབ་པའི་རང་བྱུང་གི་མཛེས་པ་འདིས་ཡིད་ཀྱི་དབང་བོ་རབ་ཏུ་འཕྲོག་པར་བྱེད།
གསུམ།
སྐབས་འདིར་ང་ཚོས་མངགས་བཅོལ་བྱས་པའི་མི་དགུ་སྡོད་ཆོག་པའི་གླ་འཁོར་ནག་པོ་དེ་ཡང་སྡོད་ཁང་གི་སྒོ་འགྲམ་ལ་བསླེབས་སོང་། ང་ཚོས་སྐུ་ཞབས་ཐི་རན་སི་པེ་ཝ་ལགས་ལ་ཁམས་བདེ་ཞུས་རྗེས་དེ་རིང་གི་གནས་མཇལ་གྱི་འཆར་འགོད་དེ། ཐོག་དང་པོ་རི་རྩེར་ཡོད་པའི་ཕཱེ་ན་རྒྱལ་ཁབ་ཕོ་བྲང་། Palais national de Pena ལ་ལྟ་སྐོར་དང་དེ་ནས་གསེར་ལྡན་མཚོ་འགྲམ་བྱེ་གླིང་། PraiadoGuincho ལ་འགྲོ་རྒྱུ། ཕྱི་དྲོར་རྒྱ་མཚོའི་ཉི་ནུབ་ཀྱི་མཛེས་སྡུག་ལ་བལྟས་ཏེ་དགོང་ཟས་ལ་རོལ་རྗེས་སླར་སྡོད་གནས་ལ་སྐྱེལ་རྒྱུ་བཅས་བྱས་ནས་ཁྱོན་བསྡོམས་སྒོར་བརྒྱ་དང་ལྔ་བཅུའི་ལམ་དངུལ་ཐག་བཅད་དེ་ལམ་ལ་ཆས།
ལམ་བར་ནས་ཁྲ་གྱི་ལེར་འཁྱིལ་བའི་གྲོང་ཚོ་དག་ལ་དག་གཙང་གི་ཁོར་ཡུག་དང་། ཁ་ཕྱོགས་དང་དོ་སྣང་མཉམ་འཇོག་སོགས་ཀྱི་བྱང་བུ་གསལ་བོར་བཏགས་པའི་ངོས་སྙོམས་པའི་ལམ་བུ། ད་དུང་དགོད་སྒྲ་དང་ལྷོད་ཀྱིས་རྒྱུ་བའི་ཡུལ་མི་དག་བཅས་ཡུལ་ཚོ་འདི་དག་ཞི་བདེ་བག་ཕེབས་ཀྱི་འཚོ་བར་རོལ་བའི་སྣང་བརྙན་གྱིས་ཡིད་སེམས་རབ་ཏུ་འགུག་པར་བྱེད།
དུས་གང་འཚམས་ཤིག་བརྒྱུད་རྗེས་ང་ཚོ་ཕཱེ་ན་ཕོ་བྲང་ལ་འབྱོར། སྟབས་མ་ལེགས་པ་ཞིག་ལ་ས་ཁུལ་གཞན་ཞིག་ལ་མེ་སྐྱོན་ཚབ་ཆེན་བྱུང་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱལ་ཁང་དེ་གནས་སྐབས་སུ་སྒོ་བརྒྱབ་ཡོད་པས་ཐེངས་འདིར་མཇལ་བའི་སྐལ་བ་མ་བྱུང་། དེ་ནས་ཁ་ཕྱིར་དཀྱོགས་ནས་མུ་མཐུད་དེ་ལམ་ལ་ཆས་པ་དང་ཉིན་གུང་ཙམ་ལ་མཚོ་ངོགས་འདིའི་གསེར་ལྡན་བྱེ་གླིང་ལ་བསླེབས། སྐབས་འདིར་ཚ་བ་སྔར་ལས་ཆེ་ཡང་མི་མང་བོ་སྔ་ས་ནས་བསླེབས་འདུག མཚོ་ལ་འཇུག་པའི་གྱོན་པ་ཁ་ཏོག་ལྔ་ལྡན་གྱོན་པའི་སྐྱེས་ཕོ་མོ་རྒན་གཞོན་དག་གིས་བྱེ་གླིང་འདིར་ཕྲ་བཏབ་པ་བཞིན་གནས་འདུག ལ་ལ་རྒྱ་མཚོའི་རླབས་ཕྲེང་གི་འཕྱོ་ཕྱོགས་དང་བསྟུན་ནས་མཚོ་ཤུལ་བྱེད་པ་དང་ལ་ལས་མཚོ་མོའི་ནང་སྐྱལ་རྩལ་ངོམ་པ་སོགས་གང་རུང་དུ་གནས་ཡོད་ལ། ལྷག་པར་དུ་ཡིད་ལ་སྤྲོ་བ་སྟེར་ཞིང་སྙིང་རྗེ་བོའི་ངོས་ཤིག་ནི། བྱིས་པ་ཆུང་ཆུང་དག་ཕ་མ་དང་མཉམ་དུ་མཚོ་མཐའ་ནས་སྐད་ཅོར་བརྒྱབ་ནས་ཡར་རྒྱུག་མར་མཆོང་བྱེད་པ་དང་། ཕ་མ་དག་གིས་ཀྱང་དེའི་འདོད་བློ་བཞིན་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་ལན་རེར་ཁོ་ཚོར་བྱེ་མའི་མཁར་རྫོང་སོགས་བཟོ་རོགས་བྱེད་པའི་མཚོ་ངོགས་འདིའི་མཛེས་སྡུག་དང་། བརྩེ་སེམས་ཀྱི་ངོ་བོ་དབྱེར་མེད་དུ་གནས་ཡོད་པ་དེ་རེད། ཡང་ལ་ལ་མཚོ་འགྲམ་གྱི་རྩྭའི་སྤྱིལ་བུའི་འོག་གི་ཉལ་སྟེགས་སྟེང་གློ་ཉལ་བྱས་ནས་རྒྱ་མཚོར་ཅེར་བའམ་དཔེ་དེབ་ཀློག་པ། ཉི་མར་ལྡེ་བ་སོགས་ཅི་རིགས་འདུག
དེ་ནས་ང་ཚོས་ཡང་མཚོ་ཁའི་ཆང་ཁང་ནས་ཉོས་པའི་སྐོམ་ཆུ་དང་ཝུ་ཆང་སོགས་བཏུང་བྱ་ལ་ཧུབ་བྱེད་ཞོར་མཚོ་མཐའི་བྱེ་གླིང་དང་། རྒྱ་མཚོའི་རླབས་རྒྱུན་སོགས་འཇིག་རྟེན་འདིའི་ཡོད་དོ་ཅོག་ལ་རོལ་མྱོང་བྱེད་ཅི་ཐབས་བྱས། སྐབས་སྐབས་སུ་ཇག་དཔོན་སཱོ་ལེ་མན་གྱི་གྲུ་གཟིངས་དག་ཡལ་བའི་མཚོ་ངོས་ཀྱི་ཕྱོགས་དེར་ཡང་ཡང་ལྟ་འདོད་ཅིག་ངང་ངམ་ཤུགས་ཀྱིས་སྐྱེ་ཡོང་བ་དང་དེ་ནས་ཡང་དོ་བོ་དག་སྦས་པའི་བྱེ་མའི་ནགས་འདབས་དེར་ཡང་མིག་གིས་ལྟ་ཙམ་ལྟ་ཙམ་བྱེད་པའི་འདོད་པ་སྐྱེ་ཡོང་། དེ་བཞིན་མཚོ་གླིང་འདིའི་མགྲོན་པོའམ་ཡུལ་སྐོར་བ་དག་གི་ངོ་གདོང་མི་འདྲ་བའི་ཁ་ནས་སྐད་རིགས་མི་འདྲ་སྣ་ཚོགས་བཤད་ཀྱིན་རང་མོས་ཀྱི་ངོ་བོར་རོལ་ཞིང་གདའ།
སྐབས་ཤིག་ལ་གློ་བུར་དུ་ཕར་ཕྱོགས་ནས་སྐད་སྒྲ་ཞིག་རྣ་ལམ་ལ་འཁོར་ཡོང་། ང་ཚོ་དང་རྒྱང་ཐག་མི་རིང་བའི་མཚོ་ངོགས་དེར་ཇག་དཔོན་སཱོ་ལེ་མན་གྱི་ཞྭ་མོ་ལྗང་སྨུག་འདྲ་བོ་གྱོན་པའི་མི་སྐོར་ཞིག་བསླེབས་འདུག ཁོང་ཚོས་ཝུ་ཆང་གི་ཤེལ་ཕོར་མཐོ་རུ་བཏེགས་ནས་ཞབས་དག་བྱེད་ཞོར་ལབ་གླེང་མང་བོ་བྱེད་ཀྱིན་འདུག ཁོང་ཚོས་མཚོ་འགྲམ་འདི་ནས་ཕ་ཡུལ་དང་སྙན་ངག ད་དུང་ཆོས་ལུགས་དང་ལོ་རྒྱུས་སོགས་གླེང་ཞིང་ལན་རེར་སྐད་གདངས་ཆེན་པོས་རྩོད་པའང་བྱེད་ཀྱིན་འདུག ཡང་བར་སྐབས་ཤིག་ལ་ཁོང་ཚོས་གློ་བུར་དུ་སྡོད་ཁང་ནང་གི་འདྲེ་ཤིག་གིས་སོ་བརྒྱབ་ནས་ན་སྲོལ་དང་། དེ་ཅི་ལྟར་བྱས་ནས་བཅའ་དངོས་དག་དང་མཉམ་དུ་རང་ཁྱིམ་ལ་མི་འཁྱེར་བའི་འགོག་ཐབས་སོགས་ཀྱང་གླེང་གིན་འདུག དུས་ཡུན་གང་འཚམ་ཞིག་འདས་རྗེས་ཁ་ཤས་ཀྱིས་མཚོ་མཐའི་བྲག་རྡོའི་སྟེང་བསྡད་དེ་སེམས་པ་སྨེང་གིན་རྒྱ་མཚོའི་ཕར་ཕྱོགས་ན་ལྷག་པའི་ས་ཡ་བརྒྱད་ཀྱི་ཕུ་ནུ་སྤུན་ཟླ་ཚོའི་བརྩེ་བ་མཚོ་མོའི་རླབས་ཀྱིས་ཁུར་ཏེ་བདག་གི་ཕྱོགས་སུ་ཕེབས་ཟེར་བའི་སྙན་ངག་སྐྱོར་གྱིན་ཡོད་པ་དང་། འགའ་ཞིག་གིས་སྙན་ངག་དེའི་བླ་སྲོག་རྙེད་པ་བཞིན་སེམས་གནད་དུ་ཕབ་ནས་ཉན་བཞིན་འདུག ཝུ་ཆང་གི་བཟི་ཁའམ་ངག་སྒོ་དེ་ཙམ་ཡག་པོ་མེད་ཀྱང་ལ་ལས་ཕྱིའི་རྒྱ་མཚོ་འཕྱུར་འཕྱུར་དགོང་ལ་འཕྱུར་ཞེས་པའི་ཐོལ་བྱུང་དུ་བྲིས་པའི་གླུ་ཚིག་དེ་ངག་གི་སྒོ་མོ་ཡོངས་སུ་ཕྱེས་ནས་སྲོལ་རྒྱུན་དམངས་གླུའི་དབྱངས་སུ་གྱེར་གྱིན་འདུག གང་ལྟར་མཚོ་མཐའི་མི་ཚོགས་ཀྱི་ཁྲོད་ན་ཁོང་ཚོའི་གདོང་གི་དགའ་སྐྱོའི་འཛུམ་བག་དང་རྣམ་འགྱུར་དེ་ཇག་དཔོན་སཱོ་ལེ་མན་དང་ཁོའི་ལག་རོགས་པ་དག ད་དུང་ནགས་འདབས་ནས་ཡོང་བའི་མི་དེ་དག་གི་དགའ་སྐྱོ་བཞིན་རེ་དགའ་རེ་སྡུག་གིས་མཚོ་འགྲམ་གྱི་འཇིག་རྟེན་འདིར་མི་ངོམས་པའི་གསོན་ཤུགས་འཕར་མ་ཞིག་སྤྲོད་ཀྱིན་འདུག མི་ཚོགས་ཀྱི་ཁྲོད་ན་ང་ཚོ་ལས་ཁོང་ཚོའི་ཚོར་ཤུགས་ཀྱིས་བཏེགས་པའི་སྐད་གདངས་དང་རྣམ་འགྱུར་དེར་དོ་སྣང་སྤྲད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་འདྲ། ཡང་ན་མི་གཞན་དག་གིས་རང་ཉིད་ཀྱི་ཚོར་བ་ཁོག་ལ་མིད་ནས་རང་སེམས་ནས་རང་ཉིད་ལ་བཤད་པ་དང་། ཡང་མི་གཞན་གྱི་ཚོར་འདུ་ལ་དོ་ཁུར་བྱེད་མི་འདོད་པ། ཡང་ན་ཁོང་ཚོས་སྙན་ངག་གཏན་ནས་མི་ཤེས་པ་དང་དམངས་གླུ་ཞེས་པའི་ཐ་སྙད་དེ་ཁྱོན་ནས་གོ་མྱོང་མེད་པའམ་དགའ་བོ་མེད་པ་གང་ཡིན་མི་ཤེས་མོད། འདི་གའི་མི་རྣམས་རང་རང་སར་མུ་མཐུད་ནས་རྒྱ་མཚོ་དང་བྱེ་གླིང་འདིའི་ངོ་བོར་འཐིམ་འདུག
བཞི།
ཉི་མ་ཡང་སྨིག་སྤྲིན་གྱིས་གཡོགས་ནས་ཉི་ནུབ་ཀྱི་མཛེས་སྡུག་དེ་ཧ་ཅང་གསལ་བོ་མཐོང་ཐབས་བྲལ་བས་ང་ཚོ་ཡང་ཅུང་སྔ་ས་ནས་མཚོ་མཐའ་བརྒྱུད་དེ་མཚོ་ཟས་ཀྱི་ཟ་ཁང་གི་ཕྱོགས་སུ་བསྐྱོད། མཚོ་ཟས་ཀྱི་ཟ་ཁང་དེར་ཡང་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་འདུག གང་འཚམས་ཤིག་བསྒུགས་རྗེས་ང་ཚོ་ཅོག་ཙེ་ཆེན་པོ་ཞིག་གི་ཐོག་ལ་བཀོད་སྒྲིག་བྱས་ཤིང་རང་ཉིད་ཀྱི་འདོད་བློ་བཞིན་ཟ་མ་མངགས་ཉོ་བྱེད་དུ་བཅུག དེ་ནས་སྔོན་ལ་བསླེབས་པའི་བཏུང་བྱ་རྫོགས་གྲབས་ཀྱི་མཚམས་དེར་གཡོ་སྦྱོར་དང་སྡེར་སྣོད་མི་གཅིག་པའི་ཟ་མ་དག་རིམ་གྱིས་ཅོག་ཙེའི་སྟེང་བསྐྱལ་ཡོང་། གྲོད་ཁོག་ཡང་ཅུང་ལྟོགས་ཡོད་པས་ང་ཚོ་ཚང་མ་རོ་བརྒྱ་ལྡན་པའི་ཞལ་ཟས་ལ་རོལ་མགོ་བརྩམས། སྐད་མགོ་ཡང་དམའ་རུ་སོང་ནས་སྐབས་ཤིག་ལ་ལྕགས་ཀྱི་ཁེམ་བུ་དག་དཀར་ཡོལ་གྱི་སྡེར་མར་འཕྲད་པའི་སིང་སྒྲ་དང་ཟ་མ་ལྡད་ཀྱིན་པའི་སྒྲ་ལས་ཅོག་ཙེ་འདིའི་སྟེང་སྒྲ་གཞན་གོ་རྒྱུ་མི་འདུག ཟ་མའི་རིགས་ལ་བག་ལེབ་དང་སྔོ་ཚོད་སྡེར་མ་ཁ་ཤས་ལས་མང་ཆེ་བ་གླང་ཤ་སྲེག་མ་དང་ཆུ་འབུ་གློ་ཉལ། ཉ་གཤོག་མང་། མི་རྒན་སེན་མོ་དཀར་ནག སྡིག་སྲིན་གྱི་རྐང་ལག་སོགས་རེད། ཚང་མས་ཡང་ཁ་ལག་གསར་བ་རེད། བྲོ་བ་དང་ལྡན་རབ་ཟེར་ཞོར་འཛེམསསྣང་གང་ཡང་མེད་པར་མཚོ་ཟས་རྣམས་ཁྱུར་མིད་བྱེད་ཀྱིན་འདུག ཆུང་དུས་སུ་ཤ་སྲེག་ན་གསུར་དྲིས་འབྲི་མོའི་ནུ་མ་སྐྲང་བ་དང་གཞི་བདག་ལ་གནོད་རབས་བཤད་པས་ཤ་སྲེག་ཟེར་བ་ཟ་མྱོང་མེད་ལ། དེ་རིང་གི་ཁ་ཟས་སུ་སྤུངས་པའི་མཚོ་ཟས་དེ་དག་ནི་ཀླུ་རིགས་རྐྱང་རྐྱང་ཡིན་པས་ཀླུ་ཁྲོས་ནས་རྐང་ལག་ཞ་བར་འགྱུར་བ་དང་། སྡིག་སྒྲིབ་ལྕི་ཞིང་ཤི་ན་དམྱལ་བར་འགྲོ་ངེས་ཡིན་པའི་ཞེད་སྣང་གི་བཤད་རྒྱུན་དེ་དག་གིས་མཚོ་ཟས་ཟེར་བ་ཟ་ཐུབ་མཁན་དང་ཟ་འདོད་མཁན་ཞིག་རྩ་བ་ནས་ཡོད་མི་སྲིད། ད་ནི་མི་རིགས་འདིའི་སྲོལ་རྒྱུན་གྱི་རིག་གཞུང་དང་གོམས་གཤིས་སོགས་བོར་བརླག་ཏུ་འགྲོ་བཞིན་ཡོད་པ་ཡིན་ནམ་དེ་ལས་ལྡོག་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་འདུག སེམས་ཁོང་ན་ལན་གསལ་བོ་ཞིག་རང་ཉིད་ལ་ཡང་འདེབས་རྒྱུ་མེད་པས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་སེམས་ནས་སྐྱོར་ཞོར་སྡིག་སྲིན་གྱི་རུས་རྐང་ལེབ་མོ་ཞིག་དང་ཆུ་འབུ་གློ་ཉལ་ཞིག་མཉམ་དུ་ཁ་ནང་ལ་བརྫང་བ་ཡིན།
དེ་ཡང་ང་ཚོའི་ཅོག་ཙེའི་གཡོན་ཕྱོགས་ན་ཞལ་ཟས་ལ་རོལ་གྱིན་པའི་བུད་མེད་དེ་དང་སྐྱེས་པ་དེ་གཉིས་ཀྱིས་དང་ཐོག་ནས་ང་ཚོ་ལ་ལྟ་ཙམ་ལྟ་ཙམ་བྱེད་ཀྱིན་འདུག་ལ། ལན་རེར་ཁོང་གཉིས་ཀྱིས་ཤུབ་ཤུབ་ཀྱིས་ཅི་ཞིག་གི་སྐོར་ལ་རྩོད་པ་ཙམ་ཡང་བྱེད་ཀྱིན་འདུག ཟ་མ་ཟས་ཚར་ཙམ་གྱི་སྐབས་དེར་བུད་མེད་དེ་ང་ཚོའི་ཉེ་སར་བཅར་ནས།
“ བཀྲ་ཤིས་བདེ་ལེགས ”
“ཁྱེད་ཚོ་བོད་པ་ཡིན་ནམ།”
“ བཀྲ་ཤིས་བདེ་ལེགས ”
“ཡིན་ཡིན། ”
མོ་གློ་བུར་གནམ་ལྡིང་འགའ་བྱས་ནས་སྐྱེས་པ་དེར་ད་ཅི་འདྲ་འདུག ཅེས་མོ་རང་གི་ཚོད་དཔག་དེ་ནོར་མེད་པ་སྤོབས་ཉམས་ཀྱིས་བཤད་རྗེས། མུ་མཐུད་ནས།
“ ཁྱེད་ཚོ་བོད་ནས་ཡོང་བ་ཡིན་ནམ། ཡུལ་སྐོར་བ་ཡིན ”
“ང་ཚོ་བོད་ནས་ཡོང་བ་ཡིན། ཡུལ་སྐོར་བ་མིན། པཱ་ཝེ་ན་གནས་སྡོད་བྱས་ཡོད་པའི་སྐྱབས་བཅོལ་བ་ཡིན། ”
མོས་གློ་བུར་བའི་བསམ་བློ་ཞིག་བཏང་ནས།
“འོ་རེད་རེད། ང་ཚོའི་རྒྱལ་ཁབ་ནའང་བོད་པ་སྐྱབས་བཅོལ་བ་ཡོད”ཟེར་ཞོར་འཛུམ་བག་ཅིག་བསྟན་ནས།
“ཏཱ་ལའི་བླ་མ་དགུང་གྲངས་དགུ་བཅུར་ཕེབས་ཡོད་པའི་གསར་འགྱུར་ཞིག་མཐོང་སོང་། ཁོང་བདེ་མོ་རེད་དམ།”
“རེད། རེད། ཁོང་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དེ་ཁ་སྔོན་རྡ་ས་ནས་འཚོགས་ཡོད་ཀྱང་། ང་ཚོ་མཉམ་ཞུགས་བྱེད་ཐུབ་མ་སོང་། ཁོང་གི་སྐུ་གཟུགས་བདེ་ཐང་རེད། ཐུགས་རྗེ་ཆེ། ”
“ཐུགས་རྗེ་ཆེ ། ”
ང་ཚོས་ཡང་བསམ་དབང་མེད་པར་གློ་བུར་གྱི་དྲི་བ་དག་ལ་ལན་འདེབས་ཅི་ཐབས་བྱས། དེ་ནས་ཁོང་གཉིས་གྱིས་ངོ་ཚོའི་ཕྱོགས་ལ་འཛུམ་བག་རེ་བསྟན་རྗེས་མུ་མཐུད་ནས་ཅི་ཞིག་ལ་གླེང་མོལ་བྱེད་ཀྱིན་འདུག ང་ཚོས་ཡང་རིན་གོང་སྟབས་བདེ་ཡིན་པའི་དགོང་ཟས་དེར་ཟས་རིན་སྤྲད་རྗེས་ལམ་ལ་ཆས། ཟ་ཁང་གི་ཕྱི་ལོགས་སུ་ཐོན་པ་ན་སྐུ་ཞབས་ཐི་རན་སི་པེ་ཝས་སྔ་ས་ནས་དེ་གར་བསྒུག་འདུག་ཅིང་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་བརྒྱུད་ནས་ཕྱིར་ལམ་བསྙེགས།
ལྔ།
ལམ་འགྲམ་གྱི་མཛེས་སྡུག་གི་ཡུལ་ལྗོངས་ལ་ལྟ་ཞོར་དང་པོ་བྷེ་ལམ་མཁར་རྫོང་། TourdeBelem ལ་བསླེབས། དེ་གར་གནའ་བོའི་ནུབ་ཕྱོགས་པའི་གྱོན་པ་རིང་བོ་གོན་པའི་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད་ལ་དུས་རབས་རྙིང་བའི་སྐབས་ཀྱི་རྣམ་པ་ཞིག་གིས་ཀུན་ནས་ཁྱབ་འདུག རྒྱལ་བོ་མཱ་ནོ་ལི་ King Manuel (༡༤༦༩ལོའི་ཟླ༥་ཚེས༣༡ ༡༥༢༡ལོའི་ཟླ༡༢ཚེས༡༣)རྟ་མཆོག་དཀར་བོ་ཞིག་ཞོན་ནས་མཁར་རྫོང་འདི་རང་ཉིད་ཀྱིས་བཞེངས་ནས་ལོ་འཁོར་ལྔ་བརྒྱ་ལྷག་འཁོར་བའི་དྲན་རྟེན་མཛད་སྒོར་ཞུགས་རྗེས་བློན་ཆེན་ཁག་དང་རྟ་དམག་ཉིས་བརྒྱ་ཙམ་གྱི་དཀྱིལ་ན་ལམ་གྱི་ཕྱོགས་ངོས་གཉིས་ན་ཕྲེང་བསྒྲིགས་པའི་མི་མང་ལ་ལག་པ་གཡུགས་གཡུགས་བྱེད་གྱིན་རླབས་ཆེན་གྱི་མི་རིགས་འདིའི་སྐད་ཡིག་དང་རིག་གཞུང་། སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་སོགས་འདོར་མི་ཉན་འ། དེ་ནི་ང་ཚོའི་གཅེས་ནོར་ཡིན་ཟེར་ཞོར་ཕེབས་ཀྱིན་འདུག་ལ། མི་མང་གིས་ལགས་སོ། ལགས་སོ་ཞེས་གུས་ཕྱག་འབུལ་གྱིན་འདུག་པ་དང་། ང་ཚོས་ཀྱང་སྙིང་ཁུང་རུས་པའི་གཏིང་ལ་ཟུག་པའི་རྒྱལ་བོ་མཱ་ནོ་ལིའི་བཀའ་གདམས་དེར་རྗེས་སུ་ཡི་རང་དང་གུས་ཕྱག་ཕུལ། རྒྱལ་བོ་ཕེབས་ཤུལ་ན་ཀྲོང་ངེར་ལང་བའི་བྷེ་ལམ་མཁར་རྫོང་གི་གྲུ་ཟུར་ཚང་མར་ཁྲབ་རྨོག་གྱོན་པའི་སོ་ལྟ་བ་འགྱིང་འདུག་པ་དང་མཁར་ཐོག་གསུམ་པའི་གཡས་ཕྱོགས་ཀྱི་གྲུ་དཔོན་སྡོད་ཤག་ན་གྲུ་དཔོན་ཨ་ནོ་བེས་འཚིག་ཇའི་ཕོར་བར་ཧུབ་བྱེད་བཞིན་རྒྱང་གི་རྒྱ་མཚོའི་ངོས་ལ་ཡང་ཡང་ལྟ་བཞིན་འདུག མི་ཚོགས་ཀྱང་རིམ་གྱིས་བྱང་བ་དང་ང་ཚོ་ཡང་མུ་མཐུད་ནས་མདུན་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་། དེ་ནས་རྒྱང་ཕྲག་གཉིས་ཙམ་གྱི་མཚམས་ནས་པད་རའོ་ཏོ་ཏོས་ཀོབ་རི་མེན་ཏོས་དྲན་རྟེན་རྡོ་རིང་PadrãodosDescobrimentos ལ་བསླེབས། སྟབས་ལེགས་པ་ཞིག་ལ་རྒྱ་མཚོའི་གྲུ་ཤན་པ་རྒྱལ་སྲས་ཧིན་རཱེ་ Henri le Navigateur(༡༣༩༤ ལོའི་ཟླ་ ༣ ཚེས་ ༤ ཉིན་པོར་ཊོ་གྲོང་ཁྱེར་དུ་སྐྱེས། ༡༤༦༠ ལོའི་ཟླ་ ༡༡ ཚེས་ ༡༣ ཉིན་སྐུ་གཤེགས།)ལགས་དེ་གར་བཞུགས་འདུག ཁོང་གིས་གསར་རྙེད་པའི་དྲན་རྟེན་རྡོ་རིང་གི་གཡས་ཕྱོགས་ཀྱི་སྡིང་ཆ་ན་གསེར་ཟངས་ལས་གྲུབ་པའི་དྲན་རྟེན་རྡོ་རིང་ཆུང་ཆུང་ཞིག་ལག་ལ་བསྣམས་ནས་རྡོ་རིང་སྟེང་གི་ཁོང་གི་རྡོ་སྐུའི་རྒྱབ་ཕྱོགས་ཀྱི་མི་སྣ་ཡོད་ཚད་རུ་སྒྲིག་དུ་བཅུག་སྟེ་ཁོང་ཚོའི་བྱས་རྗེས་དང་བཅས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་བྱེད་ཀྱིན་འདུག ལྷག་པར་དུ་གསལ་བོར་གོ་ཐུབ་པ་ཞིག་ནི་ཁོང་གི་གསར་རྙེད་ཆེན་མོའི་ལས་གཞི་དེར་གྲུབ་འབྲས་གལ་ཆེན་འདོན་མཁན་གྱི་མི་སྣ་གཙོ་བོ་སྟེ་ནུབ་ཀྱི་རྒྱ་མཚོ་ནས་རྒྱ་གར་ལ་ཤར་མར་བསྐྱོད་པའི་མཚོ་ལམ་རྙེད་མཁན་གྱི་རྒྱ་མཚོའི་གྲུ་ཤན་པ་བྷར་ཁྲོ་ལོ་མོའུ་ལྡེ་ཡ་སི Bartolomeu Dias (ཧ་ལམ་ལོ ༡༤༥༠ - ༡༥༠༠ ལོའི་ཟླ་ ༥ ཚེས་ ༢༩ )ལགས་ཀྱི་བྱས་རྗེས་ལ་བསྟོད་བསྔགས་བྱས་ཤིང་ཁོང་དང་རྒྱལ་ཁབ་འདིའི་གྲུ་ཤན་པ་མང་བོས་འཛམ་གླིང་གི་མཚོ་ལམ་ལས་གཞིའི་ཐད་བླངས་པའི་གྲུབ་འབྲས་དང་རིན་ཐང་གླེང་ཞོར་ཤིང་གིས་བཟོས་པའི་གྲུ་གཟིངས་ཆུང་ཆུང་ཞིག་རྒྱ་མཚོའི་གྲུ་ཤན་པ་ལྡེ་ཡ་སི་ལ་གཟེངས་རྟགས་སུ་སྤྲད་ནས་མི་མང་དང་མཉམ་དུ་ལག་ཟུང་ཐལ་མོ་མང་དུ་བརྡབས། དེ་ནས་སྐད་གྲགས་ཅན་གྱི་སྙན་ངག་ཁཱ་མོའུ་སི LouisdeCamões ལགས་ཀྱི་སྙན་ངག་གི་བརྩམས་ཆོས་གལ་ཆེན་《ལོ་ཡེ་སི་ཏན་ནེ་སིའི་བསྟོད་གླུ SongoftheLusitanians》ཞེས་པའི་སྙིང་དོན་སྐོར་ལ་བགྲོ་གླེང་བྱས་ཤིང་དེའི་ནང་གི་དུམ་ཚན་ཞིག་ཁོང་ལ་དངོས་སུ་གྱེར་འདོན་བྱེད་དུ་བཅུག ཁོང་གིས་གྱེར་འདོན་བྱེད་བཞིན་པའི་སྙན་ངག་དུམ་ཚན་དེ་ཁོང་གི་གདུང་ཐལ་ཉར་ཚགས་བྱས་ཡོད་པའི་ལྷ་ཁང་གི་ཁང་མིག་དེའི་ཀ་བའི་མགོར་བཀོད་ཡོད། ལྷ་ཁང་དེ་ནི་དྲན་རྟེན་རྡོ་རིང་གི་རྒྱབ་ཕྱོགས་ཀྱི་ཇེ་རོམ་ MonastèredeJérôme ལྷ་ཁང་ཡིན་ལ། དེ་༡༥༠༡ལོར་རྒྱལ་ཁབ་དར་རྒྱས་ཆེན་མོའི་དུས་སྐབས་ལ་བསྐྲུན་པ་ཡིན། ལོ་བརྒྱ་ལྷག་གི་དུས་ཡུན་གྱིས་གསེར་ལྗིད་ཚད་ཀི་ལོ་གྷ་རམ་༧༠ཙམ་གྱི་འགྲོ་གྲོན་བཏང་ཡོད་ལ། འཛུགས་སྐྲུན་གྱི་མ་དངུལ་དེ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་བར་གྱི་ཚོང་དོན་ཡོང་འབབ་ཀྱི་བརྒྱ་ཆའི་ལྔ་ཡིན་པ་དང་། བཟོ་བཀོད་ཀྱི་ཐད་གྷོ་ཐིག་དང་རིག་གནས་བསྐྱར་དར་གྱི་ལུགས་སྲོལ་གཉིས་མཉམ་བསྲེས་དང་རྒྱུ་ཆར་རྒྱལ་ཁབ་འདིའི་ཐུན་མོང་མ་ཡིན་པའི་གསེར་མདོག་རྡོ་ཐལ་བེད་སྤྱད་བྱས་ཡོད། མདུན་ངོས་ཀྱི་རིང་ཚད་མི་ཁྲི་ ༣༠༠ ལྷག་ཙམ་ཡོད་པ་མ་ཟད་འདི་ནི་མཱ་ནོ་ལིའི་བཟོ་སྐྲུན་གྱི་དཔེ་མཚོན་ཡང་ཡིན། ཡེ་ཤེས་ལྷ་ཁང་འདིར་རྒྱལ་བོ་མཱ་ནོ་ལི་ཁྲི་རབས་དང་པོའི་དུར་ཁང་དང་མི་སྣ་གྲགས་ཅན་ཁག་ལ་དྲན་གསོ་བྱེད་པའི་སྒྲུབ་ཁང་ཡོད།
དེ་ནསཐེངས་འདིའི་སྙན་ངག་སྐོར་གྱི་བགྲོ་གླེང་དེར་མཉམ་ཞུགས་བྱེད་མཁན་ལ་དེ་སྔའི་གསེར་ལྡན་མཚོ་འགྲམ་བྱེ་གླིང་ན་སྙན་ངག་དང་དམངས་གཞས་སོགས་ཀྱི་ཚོར་འདུ་སྐྱོར་བའི་མི་དེ་དག་ཀྱང་བསླེབས་འདུག མཚོ་རླབས་དང་མི་ཚོགས་ཀྱི་སྐད་ཅུང་ཆེ་བས་བགྲོ་གླེང་གི་ནང་དོན་ཆ་ཚང་ཞིག་གསལ་བོ་ཞིག་གོ་ཐབས་བྲལ་ཡང། ཁོང་ཚོས་བགྲོ་གླེང་གི་སྐབས་སུ་རྗེ་བློ་བཟང་གྲགས་པ་དང་ལེགས་བཤད་གསེར་ཕྲེང་། ད་དུང་ལང་ཚོའི་རྦབ་ཆུ་སོགས་ཟེར་བའི་ཚིག་དེ་དག་ཡང་ཡང་གསལ་བོར་ཐོས་ཀྱི་འདུག སྐབས་ཤིག་ལ་རྒྱལ་སྲས་ཀྱིས་ཁོང་ཚོར་མདུན་ཐང་ན་གསལ་བོར་བྲིས་ཡོད་པའི་སྒོར་དབྱིབས་ཅན་གྱི་འཛམ་གླིང་ས་ཁྲ་དང་ཕྱོགས་སྟོན་འཁོར་ལོ་བསྟན་ནས་སྐད་ཆ་མང་བོ་ཞིག་བཤད་ཀྱིན་འདུག་ལ། མཚམས་རེར་ཕག་མོ་གྲུབ་པ་དང་རིན་སྤུངས་བ་ཟེར་བ་ཐོས་པ་ཕལ་ཆེར་ཁོང་ཚོ་དུས་མཉམ་ཡིན་ཟེར་གྱི་ཡོད་པ་འདྲ། མི་དེ་ཚོས་ཀྱང་རྒྱལ་སྲས་ལ་ལན་འདེབས་ཞོར་ས་ཁྲ་དེར་མཛུབ་མོ་བཙུགས་ནས་ང་ཚོའི་རྒྱལ་ཁབ་ཕྱོགས་འདི་ན་ཡོད། ང་ཚོའི་རྒྱ་ཁབ་ཀྱི་ས་འབྲེལ་ན་རྒྱ་མཚོ་ཡོད་པ་མ་རེད་སོགས་ཟེར་གྱིན་ཡོད་པ་འདྲ། ཁོང་ཚོའི་ལབ་གླེང་གི་མཇུག་ཏུ་དེའི་ནང་གི་མི་ཁ་ཤས་ཀྱིས་རྒྱལ་སྲས་དང་མཇལ་བའི་དུས་བཟང་འདི་ལ་དྲན་རྟེན་དང་། ད་དུང་རྩོམ་རིག་སྒྱུ་རྩལ་དང་སྙན་ངག་གི་ཆེད་དུ་ལོ་གསུམ་གྱི་རིང་ཆང་གི་རིགས་སྤང་གི་ཡིན་ཞེས་མནའ་ཚིག་ཀྱང་བོར་གྱི་འདུག དེ་ནས་ཉིན་འདིའི་ལས་གཞི་ཡོངས་སུ་གྲུབ་པས་རྒྱལ་སྲས་ཧིན་རཱེ་ལགས་ཤིང་སེར་ནག་གིིས་གྲུབ་ཅིང་དར་རས་དཀར་བོ་དཔྱངས་པའི་གཡོར་གྲུ་ཆེན་པོ་ཞིག་ལ་བསྡད་ནས་ཕེབས་སོང་།
དྲུག
སྐབས་འདིར་ཉི་མ་ནུབ་ལ་ཉེ་བ་དང་ང་ཚོ་ཡང་མུ་མཐུད་ནས་མདུན་ཕྱོགས་སུ་བསྐྱོད། ཏཱ་ཀེ་གཙང་བོའམ་གཡུ་འབྲུག་གཙང་བོ་Tage river འཕྲེད་དུ་གཅོད་པའི་སཱ་ལི་ཛར་ཟམ་ཆེན་Salazar Bridge དེ་དམར་ཤར་སེ་གཙང་བོའི་ཚུར་ཕྱོགས་ནས་ཕར་ཕྱོགས་སུ་འཐེན་འདུག་པ་དང་ཕྱོགས་གཉིས་སུ་ཟམ་མ་ཆད་པར་རྒྱུག་པའི་འདྲུད་འཁོར་དག་ལ་བལྟས་ན་རྒྱལ་ཁབ་འདིར་མེད་དུ་མི་རུང་བའི་འགྲོ་བཞུད་གྱི་ཡོ་ཆས་གལ་ཞིག་ཡིན་པ་མཐོང་གི་འདུག དེ་ནས་རིམ་གྱིས་གཞུང་ལམ་གཡས་གཡོན་གྱི་ཁང་རྩེག་དང་ཁྲ་ལམ་ལམ་འཚེར་བའི་གློག་ཞུན། ཡར་འགྲོ་མར་འོང་གི་མི་ཚོགས་སོགས་ཀྱིས་ཡུལ་ཕྱོགས་འདིའི་མཚན་མོའི་ཡུལ་ལྗོངས་དེ་འཇིག་རྟེན་གཞན་པ་ཞིག་གི་ངོ་བོར་སྒྱུར་གྱིན་ཡོད་པ་དང་ང་ཚོ་ཡང་ཞག་སྡོད་བྱེད་སའི་འཁྲིས་ཀྱི་རྒྱལ་ཁབ་གླིང་གར་འབྱོར། མཚན་ལྗོངས་འདིའི་མཛེས་སྡུག་ལ་རོལ་མྱོང་ཞིག་བྱེད་པའི་ཚོར་བས་ཀུན་ནས་བསླངས་ཏེ་ང་ཚོ་གནས་འདི་ནས་སར་འབབ་ཀྱི་ཡིན་ཞེས་སྐུ་ཞབས་ཐི་རན་སི་པེ་ཝ་ལགས་ལ་ལམ་དངུལ་སྒོར་བརྒྱ་དང་ལྔ་བཅུ་དེ་སྤྲད། ཁོས་ཅི་ཞིག་བཤད་མི་ཕོད་པའི་རྣམ་འགྱུར་གྱིས་མགོ་ལ་རེག་རེག་བྱས་རྗེས་སྒོར་ལྔ་བཅུ་ཕྱིར་སྤྲད་ནས་འདི་མི་དགོས། རྒྱུ་མཚན་དེ་རིང་པཱེ་ན་ཕོ་བྲང་སྒོ་བརྒྱབ་ནས་ཁྱེད་ཚོས་ལྟ་སྐོར་བྱེད་ཐུབ་ཡོད་པ་མ་རེད་ཟེར། ཚིག་དེ་ཐོས་རྗེས་ངས་རང་ཉིད་ཀྱིས་གོ་ནོར་ཐེབ་པ་ཡིན་རྒྱུ་རེད་བསམ་མོད་ལག་པས་སྒོར་ལྔ་བཅུ་ཚུར་གཏད་པ་དེས་གོ་ནོར་མིན་པར་ར་སྤྲོད་བྱས། དོན་ངོ་མར་ཕཱེ་ནེ་རྒྱལ་ཁང་སྒོ་བརྒྱབ་ཡོད་མེད་ཁོའི་ལམ་དངུལ་དང་འབྲེལ་བ་གང་ཡང་མེད་པས་ཡིད་ཙམ་ལ་སེམས་ངོར་ཅི་ཡང་དྲན་རྒྱུ་མེད་པ་འདྲ་ཞིག་བྱུང་། ང་ཆུང་དུས་ཀྱི་ཕ་ཡུལ་ན་འདི་འདྲ་བོའི་གནས་ཚུལ་མཐོང་རྒྱུ་ཡོད་མོད། སྐབས་དེ་དུས་འདི་ཡང་སེམས་ཁམས་དམིགས་བསལ་བ་ཞིག་ལས་གྲུབ་པའི་སྤྱོད་པའམ་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་གི་ངོ་གདོང་ཡིན་པ་ཚོར་མྱོང་མེད། དེའི་རྗེས་ཀྱི་མི་ལོ་སུམ་ཅུར་ཉེ་བའི་ཕྱི་ལོག་གྱི་འཚོ་བའི་དུས་ཡུན་ལ་དོན་དངོས་འདི་འདྲ་ཐོག་དང་པོར་འཕྲད་པ་ཡིན། སེམས་ཀྱི་ཕྱིར་དྲན་སྐད་ཅིག་མ་དེའི་མཇུག་མཐུད་ནས་ཉིན་འདི་དག་གི་རིང་གསར་དུ་ཤེས་པའི་ཚིག ཨོ་བྷི་ལེ་དགའ་རྡོ་འམ་ཐུགས་རྗེ་ཆེ་ཞུ་ཞོར་སྒོར་ཉི་ཤུ་ཕར་གཏད་དེ་འདི་ཡིས་འཚིག་ཇ་ཞིག་འཐུང་རོགས་ཞེས་བཤད། ཁོས་ཀྱང་ཐུགས་རྗེ་ཆེ་ཡང་ཡང་ཟེར་ཞོར་ང་ཚོ་འདྲུད་འཁོར་ལས་ཕྱིར་ཐོན་བཅུག་རྗེས་ག་ལེར་བུད་སོང་ལ་ཁོའི་སྤྱོད་ལམ་དེ་དང་ཉིན་གཉིས་ཀྱི་སྔོན་ལ་ང་ཚོ་སཱེ་ཏོ་བྷལ་ setubal མཚོ་འགྲམ་བྱེ་ཐང་ལ་སོང་ནས་ཕྱིར་ལོག་དུས་འཕྱི་བོ་ཆགས་སྟེ་གླ་འཁོར་རྙེད་རྒྱུ་ཁག་པོ་བྱུང་སྐབས་གཞོན་སྐྱེས་ཕོ་གསར་མོ་གསར་གཉིས་ཀྱིས་དུས་ཡུན་རིང་བོ་ཞིག་ལ་ཁ་པར་གང་མང་བརྒྱབ་ནས་མཐར་ང་ཚོ་གླ་འཁོར་གཉིས་ཀྱི་ནང་ལམ་འཇུག་བརྟན་པོ་བྱས་པ་སོགས་རྒྱུས་མེད་ཀྱི་མི་འདི་དག་གི་བློ་དཀར་གཞུང་དྲང་གི་གཤིས་ཀ་དེས་ཕོག་ཆི་རྒལ་རྒྱལ་ཁབ་དང་ལྷག་པར་རྒྱལ་ས་ལི་སི་བྷོན་ལ་བརྩེ་བ་འཕར་མ་ཞིག་སྟེ་ནུབ་ཀྱི་ས་མཐའི་གྲོང་ཁྱེར་འདི་སེམས་ཀྱི་ཟབ་ས་ནས་ཇེ་མཛེས་ནས་ཇེ་མཛེས་སུ་གྱུར།
བདུན།
རྒྱལ་ཁབ་གླིང་གའི་དཀྱིལ་གྱི་བུད་མེད་སྟག་ཁྲིད་ཀྱི་དྲན་རྟེན་རྡོ་རིང་དེའི་རྒྱབ་ཕྱོགས་ཀྱི་སྤང་ཁ་ན་དེ་སྔའི་མི་དེ་དག་གིས་ཁ་པར་ཞིག་གི་ཤེལ་སྒོ་བརྒྱུད་ནས་རྒྱང་རིང་གི་གྲོགས་པོ་ཚོར་གནས་འདིའི་མཐོང་ཐོས་དང་ཚོར་འདུ་སོགས་ངག་ཐོག་ནས་བགོ་འགྲེམ་བྱེད་ཀྱིན་འདུག སྐབས་འདིར་ང་ཚོ་ལའང་ཐེངས་འདིའི་མཐོང་ཐོས་དག་གི་ཚོར་བ་ཀུན་ནས་འཕེལ་ཏེ་ཁོ་ཚོའི་བགྲོ་གླེང་དེར་འགོག་མེད་དུ་ཞུགས།
བགྲོ་གླེང་གི་ཞོར་དུ་ང་ཚོས་ཡང་དང་ཡང་དུ་ཝུ་ཆང་གི་ཆང་ཕོར་མཐོ་རུ་བཏེགས་ཏེ་ནང་དོན་སྣ་ཚོགས་ཀྱི་སྐོར་ལ་བགྲོ་གླེང་བྱས། གཙོ་བོ་རིག་གཞུང་ཁ་སྐོང་སྐོར་གྱི་དམིགས་བསལ་དཔེ་ཚོགས་ཤིག་དཔར་འགྲེམས་བྱེད་ཐུབ་མིན་གླེང་། གློག་བརྙན་སྒྱུ་རྩལ་གླེང་། འཇར་པན་གྱི་ཧེ་ཁོའི་རྩོམ་རིག་དང་ཁ་བ་ཞེས་པའི་ཞེས་པའི་བརྩམས་སྒྲུང་གི་སྐོར་གླེང་། གླེང་གིན་གླེང་གིན་རིམ་གྱིས་བདུད་རྩིའི་བཟི་ཁ་རྩ་ལམ་ལ་ཤུགས་ཆེར་བབས་པ་དང་མུ་མཐུད་དེ་རྩོམ་རིག་དང་སྙན་ངག་གི་སྐོར་གླེང་། སྙན་ངག་པ་ཡི་དམ་ཚེ་རིང་གི་སྙན་ངག་གི་བླ་སྲོག་བཤད་པ་ཞེས་པའི་སྐོར་གླེང་། རོགས་ཆུང་ལོ་སྙིང་ལ་རྗེ་བོ་ཞེས་པའི་དམངས་ཁྲོད་ཀྱི་སེམས་ཚོར་གླུ་གཞས་ནས་རྗེ་ཙོ་ཁ་པའི་དགོངས་གཞིའི་ཁྲོད་ཀྱི་སྙན་ངག་གི་རིན་ཐང་གླེང་། ད་དུང་བོད་ནང་གི་སྙན་ངག་པ་སྐོར་ཞིག་གིས་སྙན་ངག་གི་མཐར་ཐུག་སྟོང་ཉིད་རེད་ཟེར་གྱིན་པའི་སྐོར་གླེང་། དེ་མིན་ད་དུང་ཕྱོགས་མང་བོ་ཞིག་ལ་གླེང་མོལ་བྱས་ཀྱང་རིམ་གྱིས་དྲན་པས་མི་ཟིན་པར་གྱུར་བ་དང་དྲན་པ་གསལ་བོར་ཆགས་དུས་སང་ཞོགས་ཀྱི་ཉི་ཤར་རེད། ཉིན་དེའི་ཕྱི་དྲོར་རྐང་འཇབ་ལག་འཇབ་ཀྱིས་རྒྱ་དང་ཁ་ཆེ་ཡི་མཉམ་འབྲེལ་གྱི་ཟ་ཁང་ཞིག་ལ་འཛུལ་ནས་ཐུག་པ་ཕོར་བ་འགའ་ཁྱུར་མིད་བཏང་རྗེས་མཁའ་ལམ་བརྒྱུད་ནས་ཕྱིར་རང་ཤག་ལ་ཆས། མཁའ་དབྱིངས་ཀྱི་སྤྲིན་པའི་སྟེང་ཕྱོགས་ནས་དགོང་ཁའི་ཉི་ཟེར་ལ་ལྟ་ཞོར་ནུབ་ཀྱི་རྒྱ་མཚོ་དང་གསེར་ལྡན་བྱེ་གླིང་། རྒྱལ་བོ་མཱ་ནོ་ལིས་བཀའ་གདམས་ངག་བཅོལ། གཞོན་སྐྱེས་ཕོ་གསར་མོ་གསར་གཉིས། ད་དུང་སྐུ་ཞབས་ཐི་རན་སི་པེ་ཝ་སོགས་ཡིད་ལ་ཡང་ཡང་འཁོར་བཞིན་འགྲུལ་བཞུད་རྗེས་མའི་ཁ་ཕྱོགས་ལ་བསམ་གཞུགས་བྱས།
བརྒྱད་པ།
རྫོགས་སོ།
སྤྱི་ལོ།༢༠༢༥ ལོའི་ཟླ། ༨ ཚེས།༢༨།