བཀླགས་གྲངས། 987
ས་དཀར་རྡོ་རྗེས།
ཨ་མ།
ཉི་མ་དང་འདྲ་བའི་ཁྱེད།
ཉིན་གང་པོར་ང་ལ་དྲོད་ཁོག་སྦྱིན་རྗེས།
སྙིང་རྗེ་མེད་པའི་ས་སྲོད་དེས་ཁྱེད་ཁྲིད་སོང་།
སྨག་རུམ་ལ་གཏན་ནས་གོམས་མེད་པའི་ང་རང་།
ཉི་མ་ཁྱེད་ཀྱི་དྲོད་ཁོད་དེ་ད་དུང་ཡང་རྒྱུན་ལྡན་ལྟར།
མུ་མཐུད་དུ་ཡོད་པའི་འཁྲུལ་སྣང་དེ་རྫུན་མ་ཡིན་པ།
ངས་ཡིད་ཆེས་མ་རྙེད་པས་རྨི་ལམ་ནས་ཉི་འོད་ཡང་ཡང་རོལ།
ཨ་མ།
ཟླ་བ་དང་འདྲ་བའི་ཁྱེད།
མཚན་གང་པོར་ང་ཡི་འགྲོ་ལམ་གསལ་རྗེས།
སྙིང་རྗེ་མེད་པའི་སྐྱ་རེངས་དེས་ཁྱེད་ཁྲིད་སོང་།
འོད་སྣང་ལ་རྒྱུས་མངའ་ཡེ་ནས་མེད་པའི་ང་རང་།
ཟླ་བ་ཁྱེད་ཀྱི་བསིལ་ཟེར་དེ་ད་དུང་ཡང་དུས་རྒྱུན་བཞིན།
རྒྱུན་ཆེད་མེད་པ་ཡོད་པའི་ལོག་རྟོགས་དེ་འཁྲུལ་བ་ཡིན་པ།
ངར་ངེས་ཤེས་མ་སྐྱེས་པས་དྲན་གདུང་གི་ཀློང་ནས་ཟླ་འོད་ཡང་ཡང་མཐོང་།
ཨ་མ།
ཨ་མ་དང་དབྱེར་་མེད་ཁྱེད།
མི་ཚེ་གང་པོ་ང་ཡི་རྒྱབ་བརྟེན་གནང་རྗེས།
སྙིང་རྗེ་མེད་པའི་འཆི་བདག་གིས་ཁྱེད་ཁྲིད་སོང་།
དྭ་ཕྲུག་ལ་རྒྱུས་ལོན་རྩ་བ་ནས་མེད་པའི་ང་རང་།
ཨ་མ་ཁྱེད་ཀྱི་བྱམས་སྐྱོང་དེ་ད་དུང་ཡང་སྔར་བཞིན།
རང་འཇགས་སུ་ཡོད་པའི་འཁྲུལ་ཤེས་དེ་ཚད་མིན་ཡིན་པ།
ངས་ངོ་མ་ཤེས་པས་གང་ཞིག་ནས་ཨ་མ་ཐུག་པའི་རེ་བ་ཡང་ཡང་བྱས།
ཨ་མའི་ཉིན་མོར་མི་ཡུལ་ས་མཐའ་དེ་ནས་གངས་མྱིག་པས་སྦྱར་རོ། ༢༠༢༣ ༥ ༡༤