Back To Top

བརྩེ་དུང་སྡེ་བརྒྱད་མ།

བཀླགས་གྲངས། 883

གངས་མྱིག་གིས།

ཀ་ར་ནང་བཞིན་མངར་མོ་ཡིན་སྣང་ཤར་ན་ཡང་།།
ཁ་ཁོག་གཉིས་བར་འགལ་བ་ཡིན་པའི་བྱ་ལས་ཤིག།
ག་དུས་ཡིན་རུང་ལྷད་མེད་འགྱུར་མེད་བཤད་ན་ཡང་།།
ང་ཚོ་སུས་ཀྱང་ཡིད་ཆས་དཀའ་བ་དེ་བརྩེ་དུང་།།

ཅ་ཅོ་གླེང་མོལ་ཡུན་རིང་ཙམ་དུ་རྒྱུན་བསྐྱང་ན།།
ཆ་རྒྱུས་མེད་ཀྱང་འགྲོགས་འདྲིས་ཆོག་པའི་བྱ་བ་ཞིག།
ཇ་ཡུན་ཙམ་ཡང་བཤིབ་མྱོང་མེད་པའི་མི་ཞིག་ལ།།
ཉ་དང་ཆུ་བཞིན་བྲལ་མེད་བཤད་པ་དེ་བརྩེ་དུང་།།


ཏ་ལའི་མདོག་བཞིན་བརྟན་པོ་ཡིན་པ་རློམས་ན་ཡང་།།
ཐ་མག་དུ་བ་ཡལ་ལྟར་མིག་སྔར་བརླགས་འགྲོ་བ།།
ད་ལྟར་ཡོད་ཀྱང་ད་ལྟར་མེད་ན་མེད་ཆོག་ཆོག།
ན་ཚོད་རྒས་གཞོན་ཀུན་གྱི་སྡུག་བསྔལ་དེ་བརྩེ་དུང་།།


པ་རི་པུ་རི་ཡིད་རྟོན་དཀའ་བའི་ཆོས་ཞིག་ལ།།
ཕ་མ་ལས་ཀྱང་དགོས་མཁོ་ཆེ་བ་བསམ་ན་ཡང་།།
བ་མོ་བཞིན་དུ་རིང་པོ་མི་འཚོ་བོར་འགྲོ་བ།།
མ་གཞི་སྐྱ་སེར་ཀུན་གྱི་འཁྲུལ་སྣང་དེ་བརྩེ་དུང་།།


ཙ་གེ་ཙིག་གེ་ཡིན་ལ་མིན་ལ་བཤད་དགོས་པ།།
ཚ་བེ་ཚུ་བེ་རྣམ་འགྱུར་འདྲ་མི་སྟོན་དགོས་པ།།
ཛ་དྲག་མིན་ཡང་དགོས་གལ་ཆེ་ཚུལ་བཤད་དགོས་པ།།
འ་བུ་འུ་བེ་ངེས་བརྟན་མེད་པ་དེ་བརྩེ་དུང་།།


ཞ་དང་ཞོར་དུ་རྔན་པ་ཅུང་ཙམ་སྐྲད་དགོས་པ།།
ཟ་དང་ཟུར་ནས་ཕྲག་དོགས་ཡོད་མདོག་སྟོན་དགོས་པ།།
ཝ་མོའི་གཡོར་གྱི་སླུ་ཐབས་སྣ་ཚོགས་བཤམ་དགོས་པ།།
ཡ་མ་ཟུང་ཅན་རང་ཚུགས་མེད་པ་དེ་བརྩེ་་དུང་།།


ར་མ་ལུག་གི་རང་བཞིན་ཡིན་པའི་སེམས་བྱུང་ཞིག།
ལ་དུགས་ཕོག་ལྟར་རིག་ཚོར་བོར་བའི་སེམས་བྱུང་ཞིག།
ཤ་ཚ་སྙིང་རྗེ་ཀུན་དང་འགལ་བའི་སེམས་བྱུང་ཞིག།
ས་སྟེང་འདི་ནས་རང་འདོད་ཆེ་ཤོས་དེ་བརྩེ་དུང་།།


ཧ་ལམ་བདེན་པ་གཅིག་རྐྱང་མེད་པའི་འུར་བསྟོད་དེ།།
ཨ་ཉོག་རང་གི་སེམས་དང་མཐུན་ན་འགྲིགས་པ་དེ།།
ཧ་ཅང་རང་འདོད་ཆེ་བའི་མི་སེམས་རྩུབ་པོ་དེ།།
ཨ་འཐས་རང་བཞིན་ཕྱི་ལ་མངོན་པ་དེ་བརྩེ་དུང་།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།