Back To Top

ང་ཡི་བོད།

བཀླགས་གྲངས། 1086

གངས་མིག་གི་གཞས་ཚིག

ཚིག         གངས་མྱིག

 

ཕ་རྒྱུད་རུས་པ་དཀར་པོ་གངས་ཡིན།།

གངས་དེ་མི་ཞུ་ཇོ་མོ་གླང་མ།།

མ་རྒྱུད་ཟུང་ཁྲག་དྭངས་མོ་ཆུ་ཡིན།། 

ཆུ་དེ་མི་ཐག་ཡ་ཀླུང་གཙང་པོ།། 

 

ཕ་ཡིས་སློབ་སྟོན་སེར་པོ་གསེར་ཡིན།། 

གསེར་དེ་ལྷད་མེད་སྲིད་པའི་ལོ་རྒྱུས།། 

མ་ཡིས་འཛུབ་སྟོན་དཀར་པོ་དངུལ་ཡིན།།

དངུལ་དེ་དྭངས་གཙང་མི་གཞི་ཀུན་སྤྱོད།། 

 

ཕ་ཡི་རིག་གཞུང་རིན་ཆེན་ནོར་ཡིན།། 

ནོར་དེ་མ་བོར་སྐད་དང་ཡི་གེ། 

མ་ཡི་ལམ་སྲོལ་རྩ་ཆེན་རྒྱུ་ཡིན།། 

རྒྱུ་དེ་མ་བརླག་ཆས་དང་ཆ་ལུགས།། 

 

ཕ་ཡི་བུ་གཅེས་ཁྱོད་དང་ང་ཡིན།། 

གངས་ཅན་བོད་ཀྱི་རྒྱལ་ཁབ་སྲུང་མཁན།། 

མ་ཡི་གཅེས་ཕྲུག་ཁོ་དང་མོ་ཡིན།། 

ཁ་བ་ཅན་གྱི་སྲོལ་བཟུང་སྐྱོང་མཁན།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།