བཀླགས་གྲངས། 1036
ས་དཀར་རྡོ་རྗེ།
འཛམ་གླིང་གི་ཡང་རྩེ་ན
ང་ཡི་ཕ་ཡུལ་གངས་ལྗོངས
ང་ཡི་ཕུ་ནུ་གངས་ཅན་པ་ཡོད
འཛམ་གླིང་གི་དམའ་ཤོས་ན
ང་ཡི་བསྐོས་པའི་ལས་དབང
ང་ཡི་སྐྱབས་བཅོལ་གྱི་འཚོ་བ་ཡོད
དེ་རིང་མཐའ་ཡས་རྒྱ་མཚོ་འགྲམ་ནས་
ངས་ཕ་ཡུལ་གངས་ལྗོངས་དྲན་བྱུང་
ངས་ཕུ་ནུ་གདོང་དམར་བ་དྲན་བྱུང་
དབུས་གཙང་དམ་པ་ཆོས་ཀྱི་ཞིངས་ཁམས་ནས
དད་ལྡན་རྣམས་ཀྱི་དམ་ཚིག་ཡར་ཀླུང་གཙང་པོ
གླིང་བཞི་གང་དུ་འབབ་ཀྱང་གཡོལ་བ་མེད་པ
མཐའ་ཡས་རྒྱ་མཚོའི་ནང་ན་གནས་ཡོད་དམ
ཨ་རོགས་ཁམས་པ་དཔའ་བོ་འབྱུང་ཁུངས་ནས
ཕོད་རྒོད་རྣམས་ཀྱི་སྙིང་སྟོབས་གསེར་ལྡན་རིང་མོ
གླིང་བཞི་གང་དུ་འབབ་ཀྱང་ཞུམ་པ་མེད་པ
མཐའ་ཡས་རྒྱ་མཚོའི་ནང་ན་གནས་ཡོད་དམ
རིག་པའི་འབྱུང་གནས་ཨ་མདོ་ཡུལ་ཕྱོགས་ནས
ཤེས་ལྡན་རྣམས་ཀྱི་རྣམ་དཔྱོད་རྨ་ཀླུང་རིང་མོ
གླིང་བཞི་གང་དུ་འབབ་ཀྱང་རྨོང་པ་མེད་པ
མཐའ་ཡས་རྒྱ་མཚོའི་ནང་ན་གནས་ཡོད་དམ
གལ་ཏེ
ཆོས་རྒྱུད་ཀྱི་ས་མཚམས་མེད་པ
ཡབ་མེས་རྣམས་ཀྱི་དད་དམ་དེ
མཐའ་ཡས་རྒྱ་མཚོའི་ནང་དུ་གནས་ཡོད་ན
ད་དུང་ཡང་ཡིད་གཉིས་ཐེ་ཚོམ་མེད་པ་ཚྭ་ཆུ་དེ་འཐུང་མཁན་སུ་ཡོད
ཡང་ན
དགྲ་བོ་འཇིགས་སྐྲག་མེད་པ
མེས་དབོན་རྣམས་ཀྱི་སྙིང་སྟོབས་དེ
མཐའ་ཡས་རྒྱ་མཚོའི་ནང་དུ་གནས་ཡོད་ན
ད་དུང་ཡང་ཡིད་གཉིས་ཐེ་ཚོམ་མེད་པ་ཚྭ་ཆུ་དེ་འཐུང་མཁན་སུ་ཡོད
ད་དུང
རྣམ་དཔྱོད་ལ་འགྲན་ཟླ་མེད་པ
མེས་པོ་རྣམས་ཀྱི་ཤེས་རབ་དེ
མཐའ་ཡས་རྒྱ་མཚོའི་ནང་དུ་གནས་ཡོད་ན
ད་དུང་ཡང་ཡིད་གཉིས་ཐེ་ཚོམ་མེད་པ་ཚྭ་ཆུ་དེ་འཐུང་མཁན་སུ་ཡོད
མ་རེད
ང་ཚོའི་ཆུ་མགོ་གངས་རི་གཅིག
ང་ཚོའི་ཆུ་རྒྱུན་གངས་ཆུ་གཅིག
མཐའ་ཡས་རྒྱ་མཚོ་ནང་ན་གནས་ཐབས་མི་བཙལ
ད་དུང་ཡང་ངོ་ཚ་མེད་པ་ཆུ་མགོ་དང་ཆུ་རྒྱུན་ཡག་བཙོག་རྩོད་ནས་སྡད་ཡོད