གངས་མྱིག་གི་གཞས་ཚིག
བཀླགས་གྲངས། 1012
བཙན་པོའི་སྙིང་སྟོབས་ཀྱིས་བསྐྲུན་པ།།
གངས་ཅན་པའི་ཕ་མཁར་དམར་པོ།།
འཛམ་གླིང་གི་ཏོག་ཏུ་མཛེས་པའི།།
པོ་ཏ་ལའི་བརྗིད་ཉམས་མཇལ་རུ།།
ལྷ་ས་ལ་གནས་བསྐོར་དུ་འགྲོ།།
ལྷ་ས་ནས་ལྷན་འཛོམས་བྱེད་དགོས།།
ཕ་མེས་ཚོས་ཤུལ་བཞགས་དངོས་པོ།།
གངས་ཅན་པའི་ཞི་བདེ་འབྱུང་ཁུངས།།
འཛམ་གླིང་གི་ཁྱོན་ན་གྲགས་པའི།།
ཇོ་བོ་ཡི་བྱིན་རླབས་ཞུ་རུ།།
ལྷ་ས་ལ་ཆོས་མཇལ་དུ་དགོས།།
ལྷ་ས་ནས་ལྷན་འཛོམས་བྱེད་དགོས།།
ཕ་མ་ཚོས་ངལ་བས་བསྐྲུན་པ།།
གངས་ཅན་པའི་མི་གཞི་བཟང་པོ།།
འཛམ་གླིང་ཀུན་ཡིད་སྨོན་ཤོར་བའི།།
འཚེ་མེད་ཀྱི་ལྟ་སྤྱོད་སྐྱོང་རུ།།
ལྷ་ས་ལ་གཉེན་ཐུག་ཏུ་འགྲོ།།
ལྷ་ས་ནས་ལྷན་འཛོམས་བྱེད་དགོས།།