གངས་མྱིག་གི་སེམས་འགྱུར།
བཀླགས་གྲངས། 684
ང་ཀྲུང་གོ་རེད།
ཁྱོད་རི་བིང་རེད།
མིང་འདི་གཉིས་ཁྱད་པ་ནི།
གློག་བརྙན་ལ་གཞི་བཟུང་ནས།
ཡག་སྡུག་གི་དབྱེ་འབྱེད་བྱས།
མ་ཟད་ངས་ཤིང་གིས་བཟོས་པའི་མེ་མདའ་དེས།
རི་བིང་ལ་རྫུས་པའི་ཁྱིམ་མཚེས་བྱིས་པ་མང་པོ་བསད་མྱོངས་ཡོད།
ང་རང་ཀྲུང་གོ་རྫུས་ནས་རྒྱལ་ཁ་ཐོབ་མཁན་གྱི་དཔའ་རྒོད་ལ་རློམས་མྱོངས་ཡོད།
དེ་དུས་ང་ལོ་ཆུང་རེད།
དེ་དུས་ང་བྱིས་པ་རེད།
བསམ་བློ་མ་སྨིན་པའི་དེ་དུས་ཀྱི་ང་ནི།
རང་གི་མིག་གཉིས་ཀྱིས་ཅི་རིགས་ལ་ཡིད་ཆས།
རྣ་གཉིས་ཀྱིས་གང་ཐོས་ལ་ཚད་མ་འཛིན་མཁན་ཞིག་ལས།
གནས་ལུགས་དང་རྒྱབ་ལྗོངས་ཟེར་བའི་ཐ་སྙད་དག་གོ་མ་མྱོངས་བས།
དེ་དུས་རི་བིང་ནི་སྡུག་རྩུབ་ཆེ་ཤིང་བསམ་སྦྱོར་ངན་དགུ་འཛོམས་པ་ཞིག་རེད།
དེ་དུས་ཀྲུང་གོ་ནི་བྱམས་བརྩེ་ཆེ་ཤིང་ལེགས་ཚོགས་ཡོད་དགུ་ལྡན་པ་ཞིག་རེད།
ཉི་ཧོང་རྒྱལ་ཁབ།
རྒྱ་ནག་རྒྱལ་ཁབ།
མིང་འདི་གཉིས་ཀྱི་ཁྱད་པ།
ངས་གནས་ལུགས་ལ་གཞི་བཟུང་སྟེ།
ལེགས་ཉེས་ཀྱི་དབྱེ་འབྱེད་བྱས།
མ་ཟད་ངའི་རྨངས་གཉིད་ལས་སད་པའི་ཤེས་རབ་དེས།
འཛམ་གླིང་རྒྱལ་ཁབ་ཚང་མའི་དབུས་ནས་ཉི་ཧོང་པའི་མི་རིགས།
མི་གཞི་དང་ཀུན་སྤྱོད་ལེགས་ཤོས་ཡིན་པའི་མཚན་སྙན་ལ་ཡིད་སྨོན་ཤོར་མྱོངས།
དེ་དུས་ང་ལོ་ཆེ་པོ་རེད།
དེ་དུས་ང་ན་སོན་པ་རེད།
ང་ལ་རང་ཚུགས་ཐུབ་པའི་ཤེས་རབ་ཡོད་ཙང་།
ངའི་མིག་གིས་རིག་ཚད་ལ་ཡིད་ཆས་པའི་འཁྲུལ་སྣང་མེད།
ངའི་རྣ་བས་གོ་ཚད་ལ་ཚད་མ་འཛིན་པའི་ལོག་ཤེས་མེད།
རྒྱུ་མཚན་དང་གནས་ལུགས་ལ་གཞི་བཅོལ་ནས་ཤེས་རབ་ཡུལ་ལ་འཇུག་པས།
དེ་དུས་ཉི་ཧོང་ཤེས་རིག་སྔོན་མཐོན་དང་མིའི་གཤིས་ཡར་མཐོན་ཡིན་པ་ཤེས་བྱུང་།
དེ་དུས་རྒྱ་ནག་ཀླ་ཀློ་བརྒྱུད་འཛིན་དང་མི་ཡི་དམངས་གཉའ་གནོན་ཡིན་པ་ཤེས་བྱུང་།