བཀླགས་གྲངས། 715
མི་སྒེར་ལ་མཚོན་ནས་བཤད་ན་དེ་རིང་དུས་ཆེན་ངོ་མ་དེ་ཡིན། སྙིང་ཉེར་བའི་མིང་སྲིང་རྣམས་ཀྱིས་མཛའ་བརྩེ་དང་རྒྱབ་སྐྱོར། བློ་མཐུན་པའི་གྲོགས་པོ་རྣམས་ཀྱིས་རོགས་རམ། སེམས་དཀར་བའི་ཡུལ་ལུང་གཅིག་པ་ཚོས་ལམ་སྟོན་འོག་ནས། དེ་རིང་བདག་ལ་དངོས་སུ་ཡུལ་ལུང་འདི་ལ་གནས་སྡོད་ཆོག་པའི་ཐོབ་ཐང་ལག་འཁྱེར་རག་བྱུང་བས། རང་གི་སེམས་ཐག་ཉེར་བའི་མིང་སྲིང་རྣམས་གཙོས་པའི་འབྲེལ་ཡོད་ཀུན་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
གཞན་བསྟུན་གྱི་བསམ་བློ་རྨང་ནས་དོར་དགོས་པའི་འཁོར་ཡུག་འདིར་བསླེབས་ཟིན་ན་ཡང་། ངས་ནི་ད་དུང་ཡང་མ་འོང་པར་ཁྱེད་རྣམས་ལ་རེ་བ་དང་རོགས་སྐྱོར་ཞུ་རྒྱུ་རྒྱུན་ཆད་མི་སྲིད་པས།ཁྱེད་རྣམས་ཀྱིས་གུ་ཡངས་དང་བསམ་ཤེས་གནང་རོགས་ཞུ་རྒྱུ་ཡིན། རང་ངོས་ནས་ཀྱང་ཁྱེད་རྣམས་ལ་ཕན་ཐོག་པའི་ལས་ཀ་སྣེ་རེ་ཙམ་སྒྲུབ་པའི་གོ་སྐབས་བྱུང་ན་དང་ལེན་བྱེད་ངེས་ཅན་ཡིན་ན། ངས་སྒྲུབ་ཐུབ་པ་དང་ཁྱེད་རྣམས་ལ་དགོས་ངེས་པ་འདུག་ན་གསུང་རོགས་ཞུ།
སྒེར་ཚུགས་གཅེས་འཛིན་ཅན་གྱི་འཁོར་ཡུག་འདི་ནང་ནས་ཕ་མ་སྤུན་མཆེད་ཡིན་ཡང་།རང་དོན་ལ་ཐུག་ཚེ་ཡིད་གཉིས་ཐེ་ཚོམ་མེད་པ་སྣང་མེད་གཏོང་རྐྱང་བྱེད་པ་འདི་མཐོང་ན། ངས་ལྷག་ཏུ་ཆུང་དུས་གྲོང་གསེབ་ནང་གི་ཕར་རྟེན་ཚུར་རོགས་དགའ་བའི་གྲོང་དག་དྲན་གྱི་འདུག མ་ཚད་རྒན་ཀུན་གཞོན་སྐྱོང་དགོས་པར་ནན་གྱིས་བསླབ་མཁན་ཡུམ་འདས་པོ་དང་བཤེས་གཉེན་རྣམས་ལྷག་ཏུ་དྲན་གྱི་འདུག
གྲོང་མི་དེ་དག་གིས་ཁ་རྩོད་ཚིག་ལོག་དང་རྒྱབ་བཤད་ལྐོག་ལབ་ཇི་ལྟར་བྱས་རུང་། ཡུལ་མི་ཞིག་དཀའ་ངལ་ལ་ཐུག་ན་ཚང་མས་རང་ནུས་གང་ཡོད་ཀྱི་རོགས་རམ་བྱེད་པའི་སྲོལ་བཟང་དེ་ཡང་དྲན་གྱི་འདུག ད་དུང་མི་རབས་རྒན་པ་ཚོས་བཤད་སྲོལ་ཡོད་པའི་གཏམ་སྟེ། དགྲ་ཅིག་ཡིན་རུང་མང་དྲག་པ་དང་གྲོགས་བརྒྱ་ཡིན་རུང་ཉུང་དྲག་པའི་སྐད་ཆ་དེ་ཡང་དྲན་གྱི་འདུག
རང་ཚུགས་ཟེར་བ་དེ་གྲོང་གསེབ་པ་དེ་ཚོས་ཀྱང་གལ་ཆེན་བརྩི་སྲོལ་ཡོད་དར། ཞིབ་ཏུ་བསམ་ན་སྒེར་ཚུགས་ཕུར་དུ་ཕྱིན་པ་དེ་ཡང་འདི་ཡིན་པ་འདྲ་རེད། རང་ཚུགས་ཟེར་བའི་ཐ་སྙད་དེས་རང་གཅེས་འཛིན་གཙོ་བོ་བསྟན་མེད་ཙང་། བོད་ཀྱི་མྱི་གསར་ཚོས་ཀྱང་རང་ཚུགས་ཤོར་ནས་རང་གཅེས་འཛིན་དང་དུ་བླངས་ཏེ། གསར་གཏོད་པ་དང་སྔོན་ཐོན་ཅན་སོགས་མྱིང་རྫིགས་པོ་འགའ་བཏགས་ཡོད་དཔེ།
སྒེར་ཚུགས་ཀྱི་ལམ་ལུགས་དེ་རྗེས་མ་ཟིན་ན་མ་ཟིན། རང་ཚུགས་མ་ཤོར་པའི་ཐོག་ནས་རང་གཞན་ཀུན་ལ་ཕན་པའི་ལས་རེ་སྒྲུབ་པ་བྱུང་ཚེ། ཡབ་མེས་རྣམས་ཀྱིས་ཚེ་སྲོག་གིས་བསྐྲུན་པའི་ལམ་དང་ལུགས་སྲོལ་བཟང་པོ་རྣམས་རྒྱུན་སྐྱོང་ཐུབ་མཁན་གྱི་བོད་མྱི་རྣལ་མ་ཞིག་གི་ངོ་བོ་ཁུར་ནས་ཤི་ཐུབ་ཙམ་བྱུང་ན། རྗེས་ལུས་བ་དང་རྨང་དད་ཅན་སོགས་མིང་ངན་ག་རེ་ཞིག་ཁུར་དགོས་ན་ངོ་མི་ཚ།
མདོ་བསྡུར་ནས་བཤད་ན་གྲོང་གསེབ་ནང་ལ་ཡོད་པའི་མཐུན་ལམ་དང་རང་ཚུགས་སོགས། གྲོང་ཁྱེར་ནང་གི་མི་ཚོའི་ཁ་ལྕེ་གཉིས་ཀྱི་བར་ན་ཡོད་པ་ཙམ་ལས། དངོས་སུ་ལམ་དེ་ལ་འགྲོ་མཁན་ཉི་མོའི་སྐར་དང་གཅིག་པ་རེད་འདུག དེས་ན་གྲོང་གསེབ་གྲོང་ཁྱེར་ལ་སྤོས་བས་སྲིད་ཇུས་དེ་ཡང་བྱུང་བ་རེད་འདོད།
ཟུར་བཤད། ལས་ཀ་ཚར་ནས་མེ་འཁོར་ནང་སྡད་ནས་ཁྱིམ་དུ་ལོག་པའི་སྐབས་ཡི་གེ་འཇུག་བྲིས་པས། ངའི་འགྲམ་དུ་སྡོད་མཁན་ཡོ་ཀུ་རན་བུ་མོས་དེ་རང་དབང་མེད་པ་ཁྱེད་བྲིས་པའི་ཡི་གེ་དེ་ངས་གང་ཡིན་མི་ཤེས་ཀྱང་སྙིང་རྗེ་བོ་ཞེ་དྲག་འདུག་ལབ་ནས། མོ་རང་གི་ལུང་པའི་ཡི་གེ་དེ་ཡང་ང་ལ་བསྟན་བྱུང་།
གངས་མྱིག་གམ་ས་དཀར་རྡོ་རྗེ་མིང་པས་སྤྱི་ལོ་༢༠༢༢སྤྱི་༡༠ སྤྱི་ཚེས་༢༥ ཉིན་བྲིས་པའོ།