གངས་མྱིག་གི་སེམས་འགྱུར།
བཀླགས་གྲངས། 816
སྲིད་པ་ཆགས་པའི་ལྷ་སའི་གངས་རྒན
རང་བཞིན་དཀར་ཞིང་རང་ཚུགས་བརྟན་པས
ལྷ་སའི་མཚན་སྙན་ཕྱོགས་བཞི་མཚམས་བརྒྱད་ཁྱབ
དེ་དུས་མི་སེམས་དཀར་ཞིང་གཞུང་དྲང་བས
ལྷ་སའི་རྒྱལ་འབངས་ཀྱི་འཚོ་བ་ལ་བདེ་སྐྱིད་ལྡན
དེ་དུས་དད་མོས་ཆེ་ཞིང་རྒྱུ་འབྲས་སྲུང་བས
ལྷ་སའི་ཆོས་སྲིད་ཀྱི་མངའ་ཐང་ལྷག་ཏུ་རྒྱས
དེ་དུས་ཕ་སྐད་སྨྲ་ཞིང་མ་ཡིག་བསླབས་བས
ལྷ་སའི་མི་རིགས་ཀྱི་རིག་གཞུང་འཕེལ་རྒྱས་ཆེ
དེ་དུས་ས་ཞིང་སྣུམ་ཞིང་རོང་ལས་ཡོད་པས
ལྷ་སའི་རོང་པ་ཚོ་རང་ཁ་རང་གསོ་ཡིན
དེ་དུས་ནོར་ལུག་འཕེལ་ཞིང་འབྲོག་ལས་ཡོད
ལྷ་སའི་འབྲོག་པ་ཚོ་རང་ལམ་རང་འཚོལ་ཡིན
དེ་དུས་ལྷ་ས་ལྷ་ས་སྟེ་ལྷ་ཡུལ་དང་འདྲ་བོ་ཡོད་པས
ལྷ་སའི་འབངས་མི་ལ་ཞི་བདེ་དང་ལྷིང་འཇག་ཡོད
ཉི་མ་དམར་པོ་དེ་ལྷ་ས་ལ་ཤར་བ་ནས་བཟུང་
སྲིད་པའི་གངས་རྒན་ལ་ཆག་འཇིག་བྱུང་བས
ལྷ་སའི་མཚན་སྙན་ལ་གོད་ཆག་བྱུང་ཡོད
དེ་དུས་མི་སེམས་ནག་ཞིང་སྡུག་རྩུབ་ཆེ་བས
ལྷ་སའི་རྒྱལ་འབངས་ཀྱི་འཚོ་བ་བཙན་གནོན་ཆེ
དེ་དུས་དད་འདུན་གཏོར་ཞིང་རྒྱུ་འབྲས་གནོག་པས
ལྷ་སའི་ཆོས་སྲིད་ལ་རྒུད་པ་ཤུགས་ཆེན་བྱུང་
དེ་དུས་ཕ་སྐད་མ་ཡིག་ལ་བཀག་སྡོམ་བྱུང་བས
ལྷ་སའི་མི་རིགས་ཀྱི་རིག་གཞུང་ལ་ལྷད་ཞུགས
དེ་དུས་ས་ཞིང་གྲུ་གཞི་དགོས་མེད་ཚེར་མ་བཙུགས་པས
ལྷ་སའི་རོང་པ་ཚོ་ཡི་འཚོ་བ་གཞན་བསྟུན་དུ་བསྒྱུར
དེ་དུས་འབྲོག་པ་ཚོ་བཙན་པོས་གྲོང་ཁྲིད་པས
ལྷ་སའི་འབྲོག་མི་ཚོ་ཡི་འགྲོ་ལམ་གཞན་དབང་བསྒྱུར
དེ་དུས་ལྷ་ས་དམྱལ་བ་མི་ཡུལ་དུ་བྱུང་བ་འདྲ་བས
ལྷ་སའི་འབངས་མི་ལ་འཇིགས་སྐྲག་དང་ཞེད་སྣང་མོད
ལྷ་ས་ལ་ཁ་སོང་བབས་པ་ཁ་བ་དེས
ལྷ་སའི་སྲིད་པ་ཆགས་པའི་གངས་རྒན་ལ
ལྷ་སའི་རང་བྱུང་ཁམས་ཀྱིས་རྗེས་དྲིན་ཡིན་སྲིད
ལྷ་ས་ཉི་མ་དམར་པོས་རབ་བསྲེག་པ་དེ་ཡང
ལྷ་སའི་ཡུལ་མི་ཚོ་ཡིས་ཚར་སྡུག་གླེང་མི་ཆོག
ལྷ་ས་ཡིས་ཉི་མ་སེར་པོ་ལྷག་ཏུ་དྲན་ཡང
ལྷ་སའི་ཡུལ་མི་ཚོས་དྲན་གདུང་བརྗོད་མི་ཆོག
ལྷ་ས་ནས་ཉི་སེར་པོས་དྲོད་མྱོངས་བའི་མི་རབས་དེ་རྫོགས་ན
ལྷ་ས་ནས་ཉི་དམར་པོས་བསྲེག་བཞིན་མི་རབས་འདི
ལྷ་ས་ལ་ཉི་མ་སེར་པོས་དྲོད་མྱོངས་བའི་ལོ་རྒྱུས་བརྗེད་སྲིད་དེ
ལྷ་ས་ནས་ཉི་མ་དམར་པོའི་ཤར་བའི་དྲོད་ཁོག་ལ་བརྟེན་ནས
ལྷ་ས་ནས་ཉི་མ་སེར་པོས་བསྲེག་པའི་ཚར་སྡུག་སེལ་རབས་བཤད་དེ
ལྷ་སའི་མི་རབས་གསར་བའི་དཔྱོད་ཤེས་ལ་ཚད་བཀག་ཡོད་པས་སོ
ལྷ་ས་ནས་ཉི་མ་དམར་པོ་གཏན་དུ་ནུབ་དུས་ཚིགས་དེ་བྱུང་བའི་སྐབས
ལྷ་ས་ནས་ཉི་མ་སེར་པོའི་དྲོད་ཁོལ་རོལ་བའི་སྐལ་བཟང་འཆར་ངེས་སོ
ཁ་སོང་ལྷ་ས་ལ་གངས་བབས་པའི་བརྙན་པར་དག་རིག་པའི་རྗེས་སུ་རང་གི་སེམས་ངོ་ལ་བྱུང་བའི་འཆར་སྒོ་རྣམས་ཡིག་ཐོག་ལ་བཀོད་པ་དེའོ། ༢༠༢༣ ༡༢ ༨

ཁ་བ་བབས་ས་ལྷ་ས་རེད། ། འཁྱག་སྣང་ཤར་ས་གཞན་ཡུལ་རེད། །