གངས་མྱིག་གི་སེམས་འགྱུར
བཀླགས་གྲངས། 784
ཁྱོད།
ཁྱོད་མྱི་ཡིན་པས།
ནོར་འཁྲུལ་ཡོད་ཆོག་ཀྱང་།
ནོར་བ་རྒྱུན་འཇགས་ནམ་ཡང་བྱེད་མི་ཉན།
ཁྱོད་མྱི་ཡིན་པས།
ཕམ་ཁ་ཡོད་ངེས་ཀྱང་།
ཕམ་ཁའི་འོག་ཏུ་ནམ་ཡང་མགོ་སྒུར་མི་ཉན།
ཁྱོད་མྱི་ཡིན་པས།
ང་རྒྱལ་ཕྲག་དོག་ཡོད་ཀྱང་།
གཞན་ལ་འགྲན་སེམས་ནམ་ཡིན་བཅང་མི་ཉན།
ཁྱོད་མྱི་ཡིན་པས།
མི་བརྗེད་པའི་ཟུང་མེད་ཀྱང་།
ཁྱོད་ལ་ཕན་མྱོངས་བའི་མི་ནམ་ཡང་བརྗེད་མི་ཉན།
ཁྱོད་མྱི་ཡིན་པས།
གཞན་གྱིས་མི་ཁ་བརྒྱག་ཀྱང་།
ཁྱོད་ཀྱི་རང་དོན་དེ་ནམ་ཡང་འཆུག་མི་ཉན།
ཁྱོད་མྱི་ཡིན་པས།
རང་གི་དོན་དུ་འཚོ་དགོས་ཀྱང་།
གཞན་ལ་དོན་མེད་གནོད་འཚེ་ནམ་ཡང་བྱེད་མི་ཉན།
ཁྱོད་མྱི་ཡིན་པས།
ཅི་འདོད་འགྲུབ་པ་མི་སྲིད་ཀྱང་།
གང་དགོས་ལས་ལ་འབད་བརྩོན་ནམ་ཡང་སློད་མི་ཉན།
ཁྱོད་མྱི་ཡིན་པས།
གཞན་དང་བསྟུན་དགོས་ཀྱང་།
རང་གི་རིག་གཞུང་གལ་ཆེ་རྣམས་ནམ་ཡང་བརླག་མི་ཉན།
ཁྱོད་མྱི་ཡིན་པས།
རྒྱུ་དང་འབྱོར་བ་དགོས་ཀྱང་།
རྒྱུ་འབྱོར་ཆེད་དུ་རང་ཚུགས་དེ་ནམ་ཡང་ཤོར་མི་ཉན།
༢༠༢༤/༡/༡ ཉིན་གངས་མྱིག་པས་རང་གི་རང་ལ་བཤད་པའོ།