བཀླགས་གྲངས། 1639
མུ་ཏིག
གཅེས་ཕྲུག་གངས་དཀར་ལགས། སྐྱེས་སྐར་བསུ།
མུ་ཏིག
ཁྱོད་སྐྱེས་པས་ངས་ཨ་མ་ཞེས་པའི་མིང་ཐོབ་དེ་རྙེད་པ་རེད། ཆུང་དུས། ན་མཉམ་ཚོ་དང་མཉམ་དུ་རྩེད་ར་འགྲིམས་དུས། ང་ཚོས་ཨ་ཕ་དང་ཨ་མ། འཁོར་འཛིན་དང་མནའ་མ་སོགས་ཀྱི་རྩེད་མོ་ཐེངས་མང་བརྩེས་མྱོང་། རྡོ་མདུང་རེ་པང་ལ་བཀྱགས་ནས་བྱིས་པ་ཡིན་ཁུལ་སོགས་ཨ་མའི་མིང་ཐོབ་ལ་སྔ་ས་ནས་ཞུགས་མྱོང་ཡང་། ཁྱོད་སྐྱེས་རྗེས་ད་གཟོད་ངས་ཨ་མ་ཞེས་པའི་མི་ཚེའི་འགྲུལ་བཞུད་གསར་པ་ཞིག་གི་མགོ་བརྩམས་པ་རེད། ཁྱོད་སྐྱེས་རྗེས་ད་གཟོད་ངས་རང་ཉིད་ཀྱི་ཨ་མའི་བཀའ་དྲིན་ངོ་མ་དེ་ཚོར་མྱོང་།
སྐབས་དེར། རང་ཉིད་ཨ་མར་མ་གྱུར་ཚེ་ཨ་མའི་བཀའ་དྲིན་ཆ་ཚང་ཞིག་རྟོགས་ཐབས་མེད་པའི་སྐད་ཆ་དེ་ཡང་བཤད་མྱོང་། ངའི་ཨ་མས་“མ་ལུས་མ་བླངས་ན་མ་སྡུག་མི་ཚོར་” ཞེས་པའི་གཏམ་དཔེ་ཞིག་ཨ་ཅེ་ཚོར་བཤད་པ་ཡང་ཡང་གོ་མོད། དེའི་གོ་དོན་ཆ་ཚང་རྟོགས་དུས་ནི་ད་གཟོད་གཅེས་ཕྲུག་ཁྱོད་སྐྱེས་པའི་ལོ་དེ་ཡིན། ལོ་དེར། ངས་ཁྱོད་ལ་ང་ཡི་དགེ་རྒན་ཆུང་ཆུང་ཞེས་བོས་མྱོང་། ངོ་མ། ཁྱོད་ཀྱིས་ང་ལ་མ་ཤེས་པ་མང་པོ་ཞིག་ཤེས་སུ་བཅུག ཤེས་པ་མང་པོ་ཞིག་ལ་ཡིད་ཆེས་དང་ཡིད་བརྟན་ཇེ་ཆེར་སྐྱེས་སུ་བཅུག ང་ཡི་དགེ་རྒན་ཆུང་ཆུང་ལགས། བཀའ་དྲིན་ཆེ།
ཁྱོད་འཇིག་རྟེན་དུ་ཡོང་བའི་ཉིན་མོ་ནི། རྒྱ་གར་རང་བཙན་ཉིན་མོ་ཡིན། སྐྱེས་ཟུག་གི་བར་ཐག་ཇེ་མགྱོགས་སུ་སོང་ནས་འཆི་གསོན་གྱི་ཐག་གཅོད་ལས་དབང་ལ་བཅོལ་དུས། ཏག་ཏག བརྙན་འཕྲིན་གྱི་འཆར་ངོས་ན། གནས་ཚང་གི་རྒྱལ་སྟོན་དུས་ཆེན་སྟོན་བཞིན་འདུག ང་ལ་སྤོབས་པའི་སྟོབས་ཤུགས་བླ་ན་མེད་པ་ཞིག་སྐྱེས་བྱུང་། དེ་ལྟར་ཁྱོད་བདེ་བླག་ངང་འཇིག་རྟེན་དུ་བསུས་པ་རེད། མཚན་མོ་དེར། ངས་གཉེར་མས་ཁེངས་པའི་ཁྱོད་ཀྱི་ངོ་གདོང་ཆུང་ཆུང་ལ་ལྟ་བཞིན། ཕ་ཡུལ་མེད་པའི་ཨ་མ་ངས་བུ་ཆུང་ཁྱོད་སྐྱབས་བཅོལ་བའི་མི་ཞིག་ཏུ་སྐྱེས་པར་དགོངས་དག་ཞུ།འོན་ཀྱང་ངའི་ཚེ་སྲོག་གིས་ཁྱོད་སྲུང་སྐྱོབ་བྱེད་ཆོག ཅེས་བཤད་མྱོང་། དེ་ནས་བཟུང་ང་ལ་ཕྱི་བསྐྱོད་ཀྱི་གོ་སྐབས་ག་ཚོད་བྱུང་ཡང་། ང་ལ་ཁྱོད་ལས་ལྷག་པའི་བདམས་ཀ་ཞིག་ཡོད་མ་མྱོང་།
ཁྱོད་ཆུང་དུས། མཚན་མོ་ཡང་ཡང་གཉིད་ལས་སད་མཁན་ཞིག་ཡིན། མཚན་མོ་རེ་རེར་ཐེངས་བཞི་ལྔ་རེ་ངུ་བ་ནི་རྒྱུན་ལྡན་ཡིན། སྐབས་དེ་དག་ཏུ། ངས་རང་གི་མ་དྲིན་མོ་ཆེས་ཕྲུ་གུ་དགུ་ཇི་ལྟར་བསྐྱངས་པ་ཡིན་ནམ་སྙམ་པའི་དྲི་རྟགས་སྣ་ཚོགས་ཞེ་ལ་འཁོར་མྱོང་། བྱིས་སྐྱོང་གི་ཉམས་མྱོང་ཤིན་ཏུ་ཞན་པས་ལོས་ཡིན། ངས་ཁྱོད་ཞེ་ལྷོད་པས་གཉིད་དུ་འཇུག་པའི་ཐབས་ཤིག་མ་རྙེད་པ་མ་ཟད། ང་རང་ཉིད་ལ་ཡང་གཉིད་ལྷོད་པོ་ཡོད་པའི་མཚན་མོ་ཞིག་ཡོད་མ་མྱོང་། དེ་ནས་བཟུང་། ངས་བྱིས་པ་གཉིས་པ་ཞེས་པའི་སྐད་ཆ་གོ་བ་དང་གཡོལ་ཐབས་བྱེད་ཀྱི་ཡོད། དེ་བཞིན་བུ་ཆུང་ཁྱོད་སྐྱེས་པ་ནས་བཟུང་། ཕ་ཡུལ་དང་ངེས་བརྟན་གྱི་ཁྱིམ་གཞིས་མེད་པའི་གནས་ཚང་ཞིག་ནས་འཚོ་དགོས་པས། ངའི་ནང་སེམས་ན་སུས་ཀྱང་ཁ་སྐོང་མི་ཐུབ་པའི་སྟོང་ཆ་ཞིག་ཡོད། ང་ཨ་མ་ཞིག་གིས་ཁྱོད་ལ་སྟེར་མ་ཐུབ་པའི་འཚོ་བའི་སྟོང་ཆ་དེ་ཡང་འདི་ལས་གཞན་ཅི་ཡང་མ་ཡིན་པས། ད་ནི་བྱིས་པ་གཞན་ཞིག་ལ་སྟོང་ཆ་འདི་སྤྲད་མ་དགོས་ན་བསམ་ཡོད།
ཁྱོད་ལོ་ན་ལྔ་ལ་སོན་དུས། ངའི་བསམ་བློ་འགྱུར་སོང་། ཁྱོད་ལ་རྩེད་རོགས་ཤིག་དགོས་པ་མ་ཟད་ནམ་ཞིག་ཕ་མ་གཉིས་འཇིག་རྟེན་ནས་བཞུད་འགྲོ་དུས། སྐྱིད་སྡུག་གི་གྲོས་ཀ་འདོན་སའི་སྤུན་ཆུང་ཞིག་དགོས་པའི་བསམ་བློ་ཤུགས་ཆེན་བྱུང་། ཏག་ཏག་ལོ་དེར། ཁྱོད་ཀྱི་ཨ་ཕ་དང་ངེད་གཉིས་ཀྱིས་གཅེས་ཕྲུག་ཁྱོད་ལ་ལོ་དྲུག་སྐྱེས་སྐར་གྱི་ལེགས་སྐྱེས་སུ་རྩེད་རོགས་ཤིག་ཡོད་ན་བསམ་པའི་སྐད་ཆ་བྱུང་། ངའི་ཨ་མས་ཀྱང་བུ་ཆུང་ལ་རྩེད་རོགས་ཤིག་ངེས་པར་དུ་དགོས་ཞེས་ཁ་པར་གཏོང་ཐེངས་རེ་རེར་ནན་སྐུལ་གནང་བྱུང་པ་མ་ཟད། གལ་སྲིད་གཉོར་རྒྱུར་དཀའ་ན་ཕ་ཡུལ་དུ་ལེན་ཐབས་བྱེད་དེ་ཨ་མས་གཉོར་ཆོག་ཅེས་བཤད་མྱོང་། ལོ་ཚད་དང་དགོས་མཁོ་ག་ལ་བསམ་ཡང་། ལོ་དེ་ནི་ཏག་ཏག རུ་ཡུལ་གཉིས་ཀའི་བསམ་འདུན་ལེགས་འགྲུབ་བྱུང་པའི་ལོ་དེ་རེད་ཟེར་ན་ཡང་། ཁྱིམ་ཚང་ཞིག་གི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན་མ་འགྲིག་པ་ཨེ་ཡོད་ན་སྙམ།
གཏན་ནས་མ་བསམ་པ་ཞིག་ལ། ལོ་དེ་ནི་ཁྱོད་ལ་མཚོན་ན། ཁེར་རྐྱང་དང་སུན་སྣང་གི་ལོ་དེ་ཡིན། མིག་ཆུ་དང་ཁོང་ཁྲོའི་ལོ་དེ་ཡིན། དགོད་སྒྲ་དང་འཛུམ་མདངས་མེད་པའི་ལོ་དེ་ཡིན། བྱམས་བརྩེ་དང་གཅེས་སྐྱོང་གིས་མ་འདང་བའི་ལོ་དེ་ཡིན། ལོ་དེར། ཟླ་ཁ་མ་གང་བའི་ཁྱོད་ཀྱི་སྤུན་ཆུང་འོད་ཟེར་འཇིག་རྟེན་དུ་བསུས་པ་དང་བསྟུན། ངའི་དུས་ཚོད་ཡོད་ཚད་འོད་ཟེར་གྱི་གམ་ནས་རྫོགས་སོང་། ལོ་གཅིག་གི་རྗེས་ནས། ཁྱོད་ཀྱི་དགེ་རྒན་གྱིས་ང་ལ་ཁ་བརྡ་བྱས་པས། ད་གཟོད་ངས་ཁྱོད་ཀྱི་ནང་སེམས་མ་རྟོགས་པར་འགྱོད་པ་དྲག་པོ་སྐྱེས། འོད་ཟེར་སྐྱེས་པ་ནས། ཨ་མའི་བྱམས་བརྩེ་ཡོད་ཚད་འོད་ཟེར་ལ་དབང་སོང་སྙམ་པར་གཞི་ནས་བསམ་ཤེས་ཐུབ་སོང་། ཁེར་རྐྱང་དང་སུན་སྣང་། མིག་ཆུ་དང་ཁོང་ཁྲོ་སོགས་ཀྱི་རྣམ་འགྱུར་ཡོད་ཚད་འཛིན་ཁང་དང་སློབ་གྲོགས་ཚོའི་ཁྲོད་ན་ཇི་འདྲའི་ཉམ་ཆུང་ཞིག་ཡིན་པ་ཡང་ངས་གཞི་ནས་ཚོར་སོང་། ཨ་མས་མ་འདང་ས་དང་མ་ཤེས་པ་མང་པོ་ཞིག་གིས་ཁྱོད་ཀྱི་སེམས་ཁམས་ལ་ཕོག་ཐུག་བྱུང་བར་བཟོད་གསོལ་ཅི་ལ་མི་ཞུ། ལོ་ཟླ་དེའི་སྐྱོ་སྣང་གི་སེམས་ཚོར་ཡོད་ཚད། མི་ཚེའི་བརྩེ་སེམས་ཀྱི་འོད་སྣང་དུ་སྒྱུར་པར་ངས་ཅིས་ཀྱང་ཐབས་ཤེས་ཞུ་ཆོག
ཁྱོད་ལོ་ན་བཅུ་གཅིག་ལ་སོན་དུས། བསམ་ཤེས་དང་བློས་གཏོང་གི་ཆོད་སེམས་ཤིག་ངང་གིས་གྲུབ་འདུག ང་དངོས་གནས་ཧ་ལས་སོང་། དགེ་རྒན་གྱིས་སློབ་གྲྭ་གཞན་ཏུ་འགྲོ་མིན་དྲིས་དུས།ནད་ཡམས་ཀྱི་དུས་ཚོད་འདི་འདྲར། ངས་ནི་བུ་ཆུང་ཐག་རིང་ཏུ་གཏོང་ཐུབ་ས་མ་རེད། འཆི་ན་ཡང་ང་རང་གི་གམ་ནས། ནང་མི་ལྷན་དུ་འཆི་ངེས་བསམ་མྱོང་། འོན་ཀྱང་ཁྱོད་ནི་དེ་ལས་ལྡོག་ཏེ།བྱིས་པ་གཞན་ཚོ་འགྲོ་ཐུབ་ས་ལ་ང་ཅི་ལ་འགྲོ་མི་ཐུབ། ཅེས་སེམས་ཐག་ཆོད་པོས་བཤད་མྱོང་། སྐབས་དེར་ངས་ཁྱོད་ཀྱི་ཆོད་སེམས་ལ་གུས་བརྩི་བླ་མེད་ཞུས་མྱོང་མོད། ཐག་རིང་དུ་གཏོང་བའི་བློ་ཐག་མ་ཆོད་པར་གམ་ནས་ཉར་བ་ཡིན། ལོ་དེར་ཏག་ཏག་ཁྱིམ་ཚང་ནང་གི་ཏོག་དབྱིབས་ནད་པ་དེ་ཁྱོད་རེད། ཟུར་བཀག་ཁང་དུ་འགྲོ་དགོས་མཁན་དེ་ཁྱོད་རེད། འགྲོ་རོགས་ལ་ཨ་ཕ་དང་ཨ་མ་གཉིས་ཀའི་གཅིག་འདེམས་རོགས་ཞེས་བཤད་དུས། དངོས་གནས་བྱས་ན་ཨ་མ་དགོས་ཏེ་བསམ་བློ་ཞིག་བཏང་ན་འོད་ཟེར་ཆུང་བ་རེད། འོད་ཟེར་ཨ་མ་དང་བྲལ་ན་འགྲིག་གི་མ་རེད། ང་ཨ་ཕ་དང་མཉམ་དུ་ཕྱིན་ཆོག་ཅེས་བཤད་པར་ང་ནི་སེམས་འགུལ་ཐེབས་ནས་མིག་ལ་མཆི་མ་འཁྲིགས་མྱོང་།
དེ་ལྟར། ཁྱོད་ཀྱི་ནར་སོན་གྱི་གོ་རིམ་ཧྲིལ་བོ་ཕ་མའི་གམ་ནས། གནས་ཚང་གི་ཁྱིམ་ཚང་ཆུང་ཆུང་ཞིག་ནས་མགོ་བརྩམས་ཀྱང་། ནམ་ཞིག ཁྱོད་ཀྱིས་རང་གི་མི་ཚེར་ཕྱིར་མིག་བལྟ་ཚེ། ཁོར་ཡུག་འདི་ནས་མང་པོ་ཞིག་ཐོབ་ཡོད་བསམ་པའི་གདེངས་སྤོབས་ཤིག་རྙེད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
དེ་རིང་གཅེས་ཕྲུག་ཁྱོད་ཀྱི་ལོ་བཅུ་གསུམ་གྱི་སྐྱེས་སྐར་ལ་ཁ་གཡང་དང་བཅས།
༢༠༢༣ ༨ ༡༥