བཀླགས་གྲངས། 1066
ལྷུག་རྩོམ།
ཞི་བདེ་སྒྲོལ་མ། ངས་ཁྱོད་ཐོག་མར་རིག་ས་དྲ་ལམ་རེད། དྲ་ལམ་གྱི་བརྙན་ཐུང་ཞིག་ཏུ། ལོ་ན་ཧ་ཅང་ཕྲ་བའི་བོད་ཀྱི་གཅེས་ཕྲུག་མ་ཞིག་གིས་བོད་ཡིག་གི་སྒྲུང་དེབ་ཀློག་བཞིན་པ་དེ་རེད།སྐབས་དེར་སྔ་ས་ནས་འདྲིས་སོང་བའི་མི་ཞིག་དང་འདྲ་བར་སེམས་ཀྱི་ཐག་ཉེར་བཅར་བྱུང་། ལྷག་པར་དུ་ཁྱོད་ཀྱིས་མུ་ཏིག་བྱིས་སྒྲུང་དཔེ་ཚོགས་ཀློག་བཞིན་པ་དང་། དེབ་དེ་དག་ལ་དགའ་བས་འཇུག་ཚུལ་མཐོང་དུས་ང་ལ་དགའ་སྤོབས་གཉིས་ཀ་སྐྱེས་མྱོང་། དེ་ནས་བཟུང་ངེད་གཉིས་རིང་ནས་འདྲིས་པ་ལྟར་གྱི་གྲོགས་མོར་གྱུར་པ་མ་ཟད། ཁྱིམ་ཁ་གཉིས་ཀྱང་གོ་རིམ་ཅི་ཡང་མེད་པར་གྲོགས་སུ་གྱུར་འདུག
ངས་ཁྱོད་ལ་སྙིང་ཉེ་བའི་བདག་གི་ཀློག་པ་པོར་འབོད་ལ། ཁྱོད་ཀྱིས་ང་ལ་ཨ་ནེ་ཉི་མ་འཚོ་ཞེས་བོས་པ་རེད། ང་གང་དུ་སོང་ནས་མི་སུ་དང་ཐུག་ཀྱང་། ཐུན་མོང་གི་སྐད་ཆ་ཞིག་ཡོད་པ་ནི་བོད་ཀྱི་བྱིས་པ་ཚོའི་སྐོར་རེད། བྱིས་པ་ཚོ་གླེང་དུས་མིག་ལམ་ལ་ཤར་ཡོང་བའི་བྱིས་པ་འགའ་ཡོད་པ་ལས་གཅིག་ནི་ཁྱོད་རེད། ཁ་ཉིན་ཡང་ང་ཚོ་ཡི་གེ་བ་ཨ་མ་འགའ་འཛོམས་སྐལ་བྱུང་། སྐབས་དེར་ཡང་ང་ཚོས་བོད་ཀྱི་བྱིས་པ་དང་བོད་ཀྱི་སྐད་ཡིག་གི་སྐོར་ནས་ཁ་བརྡར་ནས་ཡུན་རིང་ལུས། ཡིན་དང་ཡིན་ཁྱོད་ཚོ་ནི་ང་ཚོའི་མ་འོངས་པ་རེད། མ་འོངས་པའི་རེ་བ་བཅོལ་སའི་ཁྲོད་ན་ཁྱོད་ལྟ་བུ་ནི་མིག་དཔེ་རེད། ངས་ཁྱོད་དཔེ་མཚོན་དུ་དྲངས་ནས་བསྐྱར་ཟློས་ཀྱི་སྐད་ཆ་ཡང་ཡང་བཤད་མྱོང་། ང་ཁྱོད་ལ་སེམས་ཐག་ཉེ་དོན་ཡང་སྐད་ཡིག་གཅིག་གི་འབྲེལ་ཐག་རེད། ངས་ཁྱོད་ཡང་ཡང་གླེང་དོན་ཡང་འབྲེལ་ཐག་འདིའི་སྟེང་ལ་ཁྱོད་ལྟ་བུ་གང་མང་བྱུང་ན་བསམ་པའི་རེ་བ་རེད། རེ་བ་འདི་ང་གཅིག་པོའི་མིན་པར་བོད་གངས་ཅན་གྱི་རེ་བ་ཡིན་པས་ཁྱོད་ཀྱི་བརྩོན་པ་མ་ལྷོད་ཨ། ང་ཁྱོད་ལ་ཡིད་ཆེས་ཡོད།
ད་ལོ་ང་ཚོ་རྡ་ས་ནས་ཐོག་མར་འདུ་འཛོམས་བྱུང་། ཁྱོད་བོད་ཡིག་སྦྱོང་གི་སླེབས་པ་རེད། ཕ་མ་གཉིས་ཀྱིས་རེ་བའི་སྟེང་ལ་རེ་བཞག་རྩེག་ནས་ཆར་སྨུག་དང་དུག་སྦྲང་མང་སའི་རི་གྲོང་འདི་ལ་ཁྲིད་ཡོང་བ་རེད། བཤལ་ནད་དང་མིག་ནད་སོགས་དུས་ཚིགས་ཀྱི་ནད་ཡམས་རེ་འགར་གདོང་གཏད་ནས། བོད་ཀྱི་རིག་གཞུང་དང་བོད་ཀྱི་གོམས་གཤིས་འཇགས་སའི་རྡ་སའི་རི་སྒང་དུ་སླེབས་པ་རེད། གནས་འདིའི་སྲང་ལམ་ན་གད་སྙིགས་དང་ལྕི་འདམ། ཁྱི་དང་བ་གླང་སོགས་ས་བདག་ལྟར་འགྱིང་ཡོད་པ་སྨྲས་མ་དགོས་ཀྱང་། རང་བྱུང་གི་ལྗོན་ཤིང་དང་རྩི་ཤིང་། སྔོ་ཚལ་དང་ཤིང་ཏོགབོད་དྲི་བྲོ་བའི་ཟས་རིགས། བོད་སྐད་བཤད་པའི་སློབ་གྲོགས་སོགས་ས་གཞན་ནས་རྙེད་ཐབས་མེད་པའི་ལག་ཡོང་ཡང་ཧ་ཅང་མང་པོ་ཡོད། བྱོན་པ་ལེགས།
ས་འདི་ནས་ག་ཚོད་ཐག་རིང་དུ་སོང་ཡང་། དེ་ལྟར་ས་འདི་དྲན་ཡོང་བ་ནི་བྱིན་རླབས་ཀྱི་འབྲེལ་ཐག་རེད། ང་ཚོ་ནི་བྱིན་རླབས་མེད་ཚེ་གསོན་གནས་མི་ཐུབ་པའི་མི་རིགས་ཤིག་ཡིན་ལ། བྱིན་རླབས་མེད་ཚེ་འཐོར་བཤིག་ཏུ་འགྲོ་བའི་མི་རིགས་དེ་ཡིན། དེར་བརྟེན། གནས་འདི་ནི་བྱིན་རླབས་ཀྱིས་བཀྱགས་པའི་ཉི་མའི་རི་གྲོང་ཡིན། ཁྱོད་ཀྱིས་འདི་ནས་སྐྱེལ་བའི་ཟླ་གཅིག་གི་དུས་ཡུན་ནི། མི་ཚེར་ཁ་ཡིག་འབྲི་བའི་གསེར་མདོག་གི་ནམ་ཟླ་དེ་ཡིན། གནམ་ཀྱིས་སྲུངས། བླ་མས་སྐྱོབས།
ཨེ་མ་སྒྲོལ་མ། ཁྱོད་ཀྱང་ཨ་ཅེ་ཞི་བདེ་སྒྲོལ་མ་ལྟར་རེ་བ་བླ་ན་མཐོ་བའི་བོད་ཀྱི་གཅེས་ཕྲུག་ཅིག་ཏུ་འཚར་ཡོང་བཞིན་པ་ནི་ཇི་འདྲའི་སྙིང་ཉེ་བ་ལ་ཨང་། ཨ་ནེ་ཉི་མ་འཚོ་ཞེས་ངའི་ལག་པར་འཇུས་ནས་ངའི་བྱིས་སྒྲུང་དག་གི་ཁ་བྱང་རེ་རེ་འདོན་པར་བྲེལ་དུས། ངེད་གཉིས་ཀྱང་རིང་ནས་འདྲིས་པའི་རྩེད་རོགས་གཉིས་དང་ཇི་འདྲའི་མཚུངས་ཨང་། མཛའ་བརྩེ་ཡུན་རིང་གནས་དགོས་ཨ།
དེ་རིང་། ཁྱེད་མ་བུ་གསུམ་ང་ལ་ཐུག་འཕྲད་དུ་སླེབས་པ་རེད། བོད་ཀྱི་རིག་གཞུང་བསྟི་གནས་ལ་ལྟ་སྐོར་དུ་སླེབས་པ་རེད། དེ་རིང་ནི་ལོ་འདིའི་ཆར་ཤུགས་ཆེ་ཤོས་ཀྱི་ཉི་མ་རེད། གཞུང་གི་བཀའ་རྒྱ་ལྟར་ན་འགྲོ་བསྐྱོད་བྱེད་ན་ཉེན་ཁ་ཡོད་པའི་དུས་ཚོད་རེད། འོན་ཀྱང་ཁྱེད་མ་བུ་གསུམ་ནི་བཀའ་དང་ཆར་གྱིས་མ་འཁོགས་པར་ས་འདིར་སླེབས་པ་རེད། འཛོམས་པ་ཡག ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།