བཀླགས་གྲངས། 1051
མུ་ཏིག་གིས།
ཆར་བས་རི་ལུང་ཐང་གསུམ་རྡུང་།།
སྤྲིན་པས་ཉི་ཟླ་སྐར་གསུམ་བཀག།
གནམ་ས་གཉིས་ཀ་ངུས་ངུས་ནས།།
ཟླ་གཉིས་ནམ་ཟླ་རློན་ཅག་ཅག།
དེ་རིང་གནམ་ས་གཉིས་ཀ་ཇི་འདྲའི་དགའ།།
འཇའ་མོ་ལུས་ཕྲ་མ་ཡི་སྐེད་རགས་ལྡེམ།།
རི་བོའི་མགོ་འཕངས་དེ་ཡང་ལྗང་ཀྲིག་ཀྲིག།
བདེ་མོ་ཐང་གི་ཁྲོམ་ར་འཛུམ་ཀྲིག་ཀྲིག།
ལུང་གཞུང་སྨུག་པའི་དར་དཀར་མཁའ་ལ་གཡོ།།
རི་འདབ་བསང་དུ་གཡས་འཁྱིལ་སྔོ་ལོང་ལོང་།།
དད་པའི་མི་ཚོགས་ཕྲེང་བ་དགའ་ཀྲོག་ཀྲོག།
ལྷ་དང་ལྷ་མོ་དགྱེས་པའི་རྨི་ལམ་ཡག།
༢༠༢༣ ༨ ༢༨ རྒྱལ་བ་རིན་པོ་ཆེ་ཕྱིར་རྡ་སར་ཕེབས་རྗེས་ཀྱི་ཁོར་ཡུག་གི་ཉམས་འདི་སུས་ཀྱང་ཡིག་འབྲུས་མཚོན་མ་ཐུབ། དད་པའི་སྟོབས་ཀྱིས་རང་བྱུང་གི་ཁོར་ཡུག་ལ་ཚོད་འཛིན་ཐུབ་པ་འདྲ།