Back To Top

སྐར་ཚོགས་ས་ལ་འཐོར་བའི་མཛོད་དགེ་རྩྭ་ཐང་།

བཀླགས་གྲངས། 1151

མུ་ཏིག

སྐར་ཚོགས་ས་ལ་འཐོར་བའི་མཛོད་དགེ་རྩྭ་ཐང་།

མུ་ཏིག


གུར་ཚོགས་དགོད་པའི་རྩྭ་ཐང་གནམ་ལས་ཆེ།།
མི་རླབས་འཕྱུར་བའི་དད་རིས་དྲ་སྟེང་བཀང་།།
གླིང་བཞིར་འཐོར་བའི་མི་རེའི་མིག་ཟུང་ན།།
སྐད་ཅིག་བཞེངས་པའི་གྲོང་འདི་ངོ་མཚར་ཆེ།།


རླུང་བུ་འུར་བའི་སྟོན་ཁའི་ནམ་ཟླ་དང་།།
རྩྭ་ལོ་སྐམ་པའི་སྐྱོ་གླུ་བཞུར་དུས་འདིར།།
ཆོས་ཀྱི་སྒྲ་དབྱངས་ས་གཞིར་ཁྱབ་གྱུར་ཏེ།།
མི་ཚོགས་ས་ཡ་དགའ་བདེའི་མྱོས་ལ་ལྟོས།།


འདི་ནི་བྱིན་རླབས་ཞེས་པའི་མཚན་ཁ་རེད།།
འདི་ནི་དད་འདུན་གཅིག་གི་སྟོབས་ཤུགས་རེད།།
འདི་ནི་མི་རིགས་ཤིག་གི་སེམས་ངོས་རེད།།
འདི་ནི་རིག་གཞུང་ཞིག་གི་ནང་སྙིང་རེད།།


འདི་ནི་རི་ཆུས་མ་ཁོག་འཛོམས་སྟངས་རེད།།
འདི་ནི་ཆོལ་ནད་མེད་པའི་སྤུན་རྡང་རེད།།
འདི་ནི་མི་སེམས་དམར་པོའི་འཚོལ་སྙེག་རེད།།
འདི་ནི་འདི་ཕྱི་གཉིས་ཀའི་ལམ་རྒྱགས་རེད།།


འདི་ནི་སེམས་པ་དག་པའི་བོད་པ་རེད།།
འདི་ནི་དད་པས་བཀྱགས་པའི་རང་རིགས་རེད།།
འདི་ནི་གློག་བརྙན་མ་རེད་མངོན་སུམ་རེད།།
འདི་ནི་གཞན་ན་མེད་པའི་ཚེ་ནོམ་རེད།།


གནམ་འོག་ལྡིར་བའི་སྦྲང་ཚོགས་གཉིད་དུས་དང་།།
མེ་ཏོག་འཐུ་བའི་ཕྱེ་ལེབ་འགྲོ་དུས་སོགས།།
ཡོད་ཚད་སྒུལ་མཚམས་འཇོག་པའི་དུས་ཚིགས་ལ།།
ད་ལོ་འབའ་འབུ་དག་ཀྱང་འཚང་ཁ་ལ།།


དབྱར་ཟླ་དེ་ནི་མི་ཚེའི་དྲན་ཤིང་ལྟར།།
རྨི་ལམ་ནས་ཀྱང་ཕྱིར་དྲན་ཡང་ཡང་བྱས།།
བསྟན་པའི་དབང་ཕྱུག་སློབ་རའི་མགོན་བྱོན་ཏེ།།
མཇལ་བའི་སྐལ་བཟང་བྱུང་བའང་ཇི་འདྲའི་དྲན།།


ས་མཐའི་ལམ་བུ་སྙེག་པའི་ས་ཁྲ་ཞིག།
སྙིང་ལ་བརྐོས་ནས་རྡོག་ལམ་དེད་བསམ་དུས།།
བསམ་དོན་ཆོས་བཞིན་འགྲུབ་པའི་ལུང་བསྟན་ཞིག།
རྨི་ལམ་ནང་ནས་གནང་བ་ཁ་སང་བཞིན།།


ཚེ་རབས་སྔོན་གྱི་ལས་འབྲེལ་བཟང་པོ་ཡིས།།
སྐུ་ཕྲེང་སྔ་ཕྱིའི་གསུང་སྙན་རིན་པོ་ཆེ།།
མཇལ་བའི་སྐལ་བ་མིག་གི་དཔྱིད་ལ་བཞད།།
མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་བརྟན་གྱུར་ཅིག།

༢༠༢༣ ༩ ༡༩

2023-09-20 དོན་གྲུབ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།