Back To Top

མ་འཇུ་ཊི་ལ།

བཀླགས་གྲངས། 1056

མུ་ཏིག་གིས།

            མ་ཇུ་ཊི་ལ།

                        མུ་ཏིག

མ་བོས་མགྲོན་རླབས་འཕྱུར་ས་མ་འཇུ་ཊི་ལ།། 
མ་བསགས་དངུལ་ལོར་འབབ་ས་མ་འཇུ་ཊི་ལ།། 
མ་བཏང་མ་རྩ་འཐོར་ས་མ་འཇུ་ཊི་ལ།། 
མ་ངོ་བུ་ངོ་འཁྲུགས་ས་མ་འཇུ་ཊི་ལ།།

མ་ཁོམ་མི་གཡོག་རྒྱུགས་ས་མ་འཇུ་ཊི་ལ།། 
མ་གཉིད་སེམས་ཁམས་འཁྲུགས་ས་མ་འཇུ་ཊི་ལ།། 
མ་ཤེས་མི་རིགས་འདུ་ས་མ་འཇུ་ཊི་ལ།། 
མ་ཐེམ་རྡོག་བརྒྱས་སྒུལ་ས་མ་འཇུ་ཊི་ལ།།

མ་ཆེན་གླ་ཆས་བཀུར་ས་མ་འཇུ་ཊི་ལ།། 
མ་གཡོག་གྲང་བས་གཟིར་ས་མ་འཇུ་ཊི་ལ།། 
མ་བྲིན་ཟ་ཁང་མང་ས་མ་འཇུ་ཊི་ལ།། 
མ་ཟོས་བོར་ནས་འགྲོ་ས་མ་འཇུ་ཊི་ལ།།

མ་དག་རྒྱུ་རྫས་སྤུངས་ས་མ་འཇུ་ཊི་ལ།། 
མ་ཚོང་ཐོན་རྫས་བཀྲམས་ས་མ་འཇུ་ཊི་ལ།།
མ་དཔེ་རྫུན་མ་མང་ས་མ་འཇུ་ཊི་ལ།། 
མ་བཤད་ཚང་མས་ཤེས་ས་མ་འཇུ་ཊི་ལ།།

མ་ཚན་གཉེན་སྒྲིག་བྱེད་ས་མ་འཇུ་ཊི་ལ།། 
མ་སྐུལ་མི་ཚོང་གཉེར་ས་མ་འཇུ་ཊི་ལ།། 
མ་ཉོས་ལེགས་སྐྱེས་བཤམས་ས་མ་འཇུ་ཊི་ལ།། 
མ་དྲང་རྒྱུ་འབྲས་སྣོག་ས་མ་འཇུ་ཊི་ལ།།

མ་གྲོས་ཆང་ཁར་འཛོམས་ས་མ་འཇུ་ཊི་ལ།། 
མ་སྒྲིག་བརྩེ་བ་འཁྲུངས་ས་མ་འཇུ་ཊི་ལ།། 
མ་གསང་སྙིང་གཏམ་ཤོར་ས་མ་འཇུ་ཊི་ལ།། 
མ་ཤེས་མི་ཚེ་བརླག་ས་མ་འཇུ་ཊི་ལ།།

མ་མཆུ་སྣུམ་ཚོན་འབབ་ས་མ་འཇུ་ཊི་ལ།། 
མ་སྲུ་གནས་ཡུལ་མང་ས་མ་འཇུ་ཊི་ལ།། 
མ་མར་ཁྱོ་བོ་མང་ས་མ་འཇུ་ཊི་ལ།། 
མ་སྲུང་ཁ་ངོ་ཉོ་ས་མ་འཇུ་ཊི་ལ།།

མ་འུར་ཕྱུགས་བདག་མང་ས་མ་འཇུ་ཊི་ལ།། 
མ་རྐང་ཌོ་ལོར་མཐུག་ས་མ་འཇུ་ཊི་ལ།། 
མ་བཞག་མ་རྩ་འཁོར་ས་མ་འཇུ་ཊི་ལ།། 
མ་བདམས་ལས་ཀྱིས་འཁོར་ས་མ་འཇུ་ཊི་ལ།།

མ་གཙང་རུལ་དྲི་འཐུལ་ས་མ་འཇུ་ཊི་ལ།། 
མ་ཕྱགས་གད་སྙིགས་དཀྲིས་སའི་མ་འཇུ་ཊི་ལ།། 
མ་ངེས་སྤྲང་པོ་ཉལ་ས་མ་འཇུ་ཊི་ལ།། 
མ་གོམས་ཁ་སྣ་འགག་ས་མ་འཇུ་ཊི་ལ།།

མ་ཧེའི་ཤ་ཁང་བྲིན་ས་མ་འཇུ་ཊི་ལ།། 
མ་མོའི་གྲིབ་མ་དབེན་ས་མ་འཇུ་ཊི་ལ།། 
མ་གསོས་ཕག་ཤ་རྔོས་ས་མ་འཇུ་ཊི་ལ།། 
མ་སོང་ན་ཡང་དྲན་པ་མ་འཇུ་ཊི་ལ།།

མ་བཙིར་སྙན་ངག་བཞུར་ས་མ་འཇུ་ཊི་ལ།། 
མ་བྲིས་སྒྲུང་གཏམ་མང་ས་མ་འཇུ་ཊི་ལ།། 
མ་བླངས་མགུར་གླུ་བརྩམས་ས་མ་འཇུ་ཊི་ལ།། 
མ་བཅོས་ལོ་རྒྱུས་རིང་ས་མ་འཇུ་ཊི་ལ།།

༢༠༢༣ ༩ ༢༤ མཚན་མོར།  

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།