Back To Top

རྐང་གྱོལ་དང་ང་ཡི་གཏམ་རྒྱུད།

བཀླགས་གྲངས། 1461

              རྐང་གྱོལ་དང་ང་ཡི་གཏམ་རྒྱུད། 

                            མུ་ཏིག

གཅིག
རྐང་གྱོལ་ཤི་དུས་ང་ཡུལ་ན་མེད།
གཟའ་མཇུག་གུང་གསེང་ནས་ཁྱིམ་ལ་སླེབས་མ་ཐག་ངས་རྐང་གྱོལ་གང་སར་བཙལ་ཡང་། མཐོང་སར་མི་འདུག ཨ་ཕར་དྲིས་པ་ན།
“ཤི་སོང་བ་རེད། ད་ཁྱོད་དགེ་བ་ཟིག་ལོས་ཡིན།” ཟེར་གི
རྐང་གྱོལ་དང་ངེད་གཉིས་འཆམ་པོ་མེད། ངའི་ལག་གི་ཟ་མ་ལ་མཆུ་ཏོ་ཐུག་རྒྱུར་ཁོང་ལ་འཛེམ་དོགས་ཅི་ཡང་མེད་པས་ང་ཁོང་ལ་ཧ་ཅང་སུན། ལྷག་པར་དུ་ངའི་བོད་ལྷམ་སོ་མ་བོའི་མགོར་སོ་བཏབ་པ་ནས་བཟུང་། ངས་ཁོ་ལ་ངོ་གདོང་དཀར་པོ་ཞིག་བསྟན་མ་མྱོང་།
“ཀློའུ་ཁྱི། ཧར་སོང་།” ཞེས་གམ་ལ་ཡོང་ཐེངས་རེར་ངས་གཤེ་གཤེ་བཏང་རྐྱང་བྱས་མྱོང་།

ཨ་མས། “ཁྱོས་དུད་འགྲོ་ཉམ་ཆུང་ལ་ཐུབ་ཚོད་བཏང་ནས།” ཞེས་ངའི་བྱེད་སྟངས་འགྲིག་མེད་པའི་བརྡ་ཡང་ཡང་བཏང་མྱོང་མོད། ངས་དེ་ལ་དེ་འདྲའི་དོ་སྣང་བྱས་མེད།
མཚན་མོ་དེར། ཨ་མས་མཆོད་མེ་ཞིག་སྤར་ནས་སྨོན་ལམ་འདེབས་ཀྱི་འདུག རྐང་གྱོལ་གྱི་ཆེད་དུ་ཡིན་པ་ངས་གསལ་བོ་ཤེས་སོང་།
མཆོད་མེའི་འོད་མདངས་ཆུང་ཆུང་ཞིག་ལས་མེད་ཀྱང་། ཨ་མའི་མགོ་བོའི་གྲིབ་མས་ཁང་པ་ཧྲིལ་བོ་བཀང་འདུག
“ཨ་མ། མགོ་བོ་ཕར་འཁུར་དང་། ངས་སྤྱང་ཀི་ཞིག་བཟོ་དགོས་ཀི” ཞེས་ངས་ལག་པ་བཀྱགས་ནས་མཆོད་མེའི་འོད་མདངས་ནས་གྲིབ་གཟུགས་སྣ་ཚོགས་བཟོ་བར་བྲེལ་བ་ལངས། ཨ་མས་ཅི་ཡང་མ་བཤད་པར་ཕྱག་གསུམ་འཚལ་རྗེས། “ད་འགྲོ། ཉལ་གི་འགྲོ་”ཟེར་གི

དེ་ནས་བཟུང་། ངས་རྐང་གྱོལ་བརྗེད་སོང་བ་འདྲ་མོད། སློབ་གྲྭ་ནས་ཡུལ་ལ་ལོག་ཐེངས་རེར་ངས་རྐང་གྱོལ་གང་སར་བཙལ་གྱི་ཡོད། ཤི་སོང་བ་ཤེས་ཀྱི་ཡོད་མོད། གསོན་གསོན་ཡོད་ཡོད་འདྲ་བའི་ཚོར་སྣང་ཞིག་གིས་ཐེངས་གཅིག་མ་བཙལ་ན་བློ་བདེ་གི་མེད།
གཉིས།
ཉིན་ཞིག ཕུ་བོས་ང་ལ་སྒྲུང་བཤད་ནས་མཚན་དཀྱིལ་ལ་སླེབས་སོང་། ཁྱིམ་མི་ཚང་མ་ཉལ་སོང་མོད། ང་སྒྲུང་ལ་ཉན་རྒྱུར་དགའ་བས། “ད་དུང་གཅིག ད་དུང་གཅིག་” ཅེས་ཕུ་བོར་ཨུ་ཚུགས་བརྒྱབས་ནས་ལྕགས་ཐབ་མཐའ་ནས་ཡུན་རིང་ལུས།
“ད་སྒྲུང་གཅིག་ལས་མེད། དེ་མ་བཤད་ན་བཟང་། ཁྱོད་སྐྲག་རྒྱུ་རེད།” ཕུ་བོས་ངའི་གདོང་ལ་གཟབ་ནན་གྱིས་བལྟས་ནས་སྐྲག་སློང་གི་འདུག
“ཧུན། སྒྲུང་ནི་སྒྲུང་རེད། ངོ་མ་རེད་ཟེར་རྒྱུ་མེད། དེ་ལ་ཅི་སྐྲག”
“ངོ་མ་ཟེར་ནས། དེས་ན་ངས་བཤད་རྒྱུ་ཨ།”
“ཤོད་ཤོད། རེམ་མ་ཤོད།”
“རྐང་གྱོལ་འདྲེ་གི་ལོག་ཡོད་ནོ་བཤད་རྒྱུ་གོ་་་་་”
“ཨ་་་་་་་་རྐང་གྱོལ།” ངའི་མིག་མཐར་ཆུ་འཁྱིལ་བྱུང་། འཚབ་སྣང་དང་སྐྲག་སྣང་འདྲ་ཞིག་ཀྱང་སླེབས་བྱུང་།
“ཡ་་་་ད་མི་བཤད། སོང་། ཉལ་གི་སོང་།”
“རྐང་གྱོལ་གང་ན་ཡོད་གི ངས་རིག་ན་བསམ་གི”
“ཨ་མ། འདྲེ་གི་ལོག་ཡོད་ནི་རེད། འདི་སྐྲག་རྒྱུ་མེད་ལ།”
“འདྲེ་ཡིན་ཡང་། ང་ཐུག་དགོས་གི” ངས་ཁྱིམ་ནས་ས་རྡེག་རྡོ་རྡེག་བྱས་ནས་ཕུ་བོ་གཅེས་བསླངས་བྱས་པ་ཡིན།
གསུམ།
རྐང་གྱོལ་གྱིས་ངའི་ལྷམ་སོ་མ་བོ་ཁ་ལ་བཟུང་ནས་ཡོང་གི་འདུག འགྲོ་སྟངས་ལ་འགྱུར་བ་ཅི་ཡང་མེད་པར་གྱོལ་མ་ལྡང་གིས་ཡོང་གི་ཡོད་ན་ཡང་། མགོ་ན་རལ་བ་ཞིག་སླས་འདུག ངས་ང་ནོར་བ་མིན་ནམ་བསམ་ཞོར་གཡས་གཡོན་ལ་ཞིབ་ལྟ་ཞིག་བྱས་དུས། ཐང་སྟོང་ཞིག་ན་རྐང་གྱོལ་དང་ངེད་གཉིས་གཅིག་པོ་རེད་འདུག
འདྲེ་་་་་འདྲེ། ཁྱི་འདྲེ་ཡི་ལོག་ན་མགོར་རལ་བ་སྐྱེས་སྲིད་དམ། ང་ཕྱིར་འཁོར་ནས་ཨ་མ་དང་ནང་མི་སུ་ཞིག་རང་གི་རོགས་ལ་ཡོད་ན་བསམ་བཞིན་པའི་སྐབས།
“ཨརརརར།” རྐང་གྱོལ་གྱིས་ངའི་སྟེང་ལ་མཆེ་བ་གཙིགས་བྱུང་།
“འདྲེ། འདྲེ་་་རྐང་གྱོལ།” ངུ་དངངས་དང་བཅས་ང་གཉིད་ལས་སད་བྱུང་།
“ཨ་མ། རྐང་གྱོལ་ངོ་མ་འདྲེ་ཡི་ལོག་ཡོད་དམ།”
“ཀློའུ་བཤད།”
“ཕུ་བོས་རིག་ཡོད་གི རྨི་ལམ་ནས་ང་ལ་མཆེ་བ་གཙིགས་བྱུང་། དེས་མི་ཚད་རལ་བ་ཡང་གཟེངས་གཟེངས་འདྲ་བྱས། ང་ལ་་་་་་་།”
“ཧ་ཧ་ཧ། ཀློའུ་མོ་་་་་།”
“ ངོ་མ། ཕུ་བོས་རིག་ཡོད་གི”
“ ཕུ་བོས་རིག་ཡོད་ནོ། ཁྱོས་ཇི་ལྟར་ཤེས་ནས།”
“ངས་་་་་”
“ཧ་ཧ་ཧ། ད་གཉིད། འཇིག་རྟེན་ན་འདྲེ་ཟེར་རྒྱུ་ཞིག་ཡོད་ནི་མ་རེད།” ཨ་མས་ངའི་མགོ་ལ་བྱིལ་བྱིལ་བྱས།
ཡང་རྐང་གྱོལ་ཡོང་གི་འདུག ངའི་ལྷམ་སོ་མ་བོ་ཁ་ལ་བཟུང་ནས་ཡོང་གི་འདུག ང་སྤྱོད་ཁང་དུ་འགྲོ་བའི་ཁ་གཏད་ན་ཡོང་གི་འདུག ང་སྐྲག་ནས་གཡས་ལ་ཀྱོག་དུས་རྐང་གྱོལ་ཡང་གཡས་ལ་ཀྱོག ང་གཡོན་ལ་ཀྱོག་དུས། ཡང་རྐང་གྱོལ་གཡོན་ལ་ཀྱོག ཐབས་མེད་པར་ང་རྐང་གྱོལ་གྱིས་སྒང་ནས་ཕར་མཆོངས་ནས་འགྲོ་བསམ་དུས། ཏག་ཏག་རྐང་གྱོལ་གྱིས་ལག་པ་གཉིས་ངའི་པུས་མོར་བཞག་ནས་དགའ་བའི་རྣམ་འགྱུར་བསྟན་བྱུང་།
“ཀློའུ་ཁྱི། ཧར་སོང་ར། ང་ཛ་དྲག་ཡིན།” ཞེས་གཤེ་དགོས་བསམ་འདུག་མོད། མཆེ་བ་དེ་ཡིད་ལ་འཁོར་བྱུང་བས་འཛུམ་རྫུན་མ་ཞིག་སྟོན་ཞོར་། མགོའི་རལ་བ་བཙལ་མོད། མཐོང་སར་མི་འདུག
རྐང་གྱོལ་ཡིན་ནམ་འདྲེ་ཡིན་ཧ་མ་གོ་བར་ལུས་ཡོད་མོད། དེ་ལས་ཀྱང་ཛ་དྲག་ནི་སྤྱོད་ཁང་དུ་གང་མགྱོགས་སླེབས་རྒྱུ་དེ་རེད།
“ང་སྤྱོད་ཁང་དུ་སོང་ནས་ཕྱིར་ཡོང་། ཁྱོད་འདི་ནས་སྒུག་སྡོད།” ཅེས་བཤད་ཞོར་པུས་མོའི་ཐོག་གི་ལག་པ་གཉིས་ཕར་བཞག་ཀྱང་། རྡོ་བཞིན་ལྗིད་དྲགས་ནས་སྒུལ་ཙམ་ཡང་མ་ཐུབ། འདྲེ་ཡིན་པ་གཏན་ཁེལ་རེད་བསམ་ནས། “ཨ་མ། འདྲེ་་་་་འདྲེ།” ཞེས་སྐད་བརྒྱབ་པ་དང་གཉིད་ལས་སད་། ཨ་མས་ཀྱང་ང་སྒུལ་ནས་འབོད་བཞིན་འདུག
“འདྲེ་ཞིག་གང་ན་འདུག”
“ཨ་མ། ང་སྤྱོད་ཁང་ལ་ཁྲིད་རོགས།”
“ཟླ་བ་དཀར་གི ཁྱོད་སོང་དང་ངས་སྒེའུ་ཁུང་ནས་ལྟ་འདུག” ཨ་མས་རྒྱུན་ལྡན་གྱི་སྐད་ཆ་དེ་བཤད་བྱུང་།
“ཨ་མ། ང་ཛ་དྲག་རེད་འདུག རེམ་མ།” ངས་ཨ་མའི་ལག་པ་ནས་འཐེན་པས་ཨ་མ་གཞི་ནས་ཡར་ལངས་བྱུང་།

“འདྲེ་གང་ན་ཡོད་གི ཅི་འདྲ་ཞིག་རེད།”
“རྐང་གྱོལ་རེད། ཕུ་བོས་བཤད་ནོ་བདེན་གི” ངས་ཨ་མར་ལན་བཏབ་མ་ཐག་མགོ་བཏུམས་བྱས་པ་ཡིན།
“ཧ་ཧ་ཧ། ཁྱོད་སྐྲག་སོང་ནས་རེད།”
“ཁྱི་ལུས་ཤིག་མ་བླངས་ན། མི་ལུས་ཤིག་མི་འཐོབ་ཟེར་བ་བཞིན། ད་རྐང་གྱོལ་མི་ལུས་འཐོབ་ཡོད་ནི་རེད། ཨོཾ་མ་ཎི་པདྨེ་ཧཱུཾ། ཁྱི་དེ་དྲིན་ཆེན་ཡིན།” ཨ་མས་ཀྱང་རྐང་གྱོལ་དྲན་བཞིན་པ་འདྲ།
བཞི་བ།
“ངས་འདྲེ་རྐང་གྱོལ་རིག་སོང་། རལ་བ་སྐྱེས་ཡོད་གི མཆེ་བ་རྣོན་པོ་ཡོད་གི”
“ཧ་ཧ་ཧ། ངས་རང་རང་སྐྲག་ཕུད་ནས།” ཕུ་བོ་བགད་སོང་།
“དེས་ན། རྐང་གྱོལ་ངའི་རྨི་ལམ་དུ་ཡང་ཡང་ཡོང་གི ངོ་མ་ཡིན།”
“མ་ཎི་སློང་གི་ཡོང་གི་ཡོད་པ་རེད། མ་ཎི་རེ་ཐོན།” ཕུ་བོས་ངའི་མགོ་ལ་བྱིལ་བྱིལ་བྱས་རྗེས་སྒོར་བུད་སོང་། མདུན་རིའི་མགོ་ན་ཉི་འོད་སྐྱ་སིབ་བེ་ལུས་འདུག་མོད། ང་ཁྱིམ་སྒོ་ལ་ཇི་ལྟར་སླེབས་པ་ཡང་ཤེས་མ་སོང་།
“ས་ཡང་རུབ་ཡག་མ་རེད། ཁྱོད་རང་རང་སྐྲག་ནས།” ཨ་མས་བཞོ་ཟེའུ་བཟུང་ནས་ལྷས་ལ་འགྲོ་བཞིན་འདུག
“ཨ་མ། ང་ཡང་ལྷས་རར་འགྲོ་རྒྱུ།”
“འཁྱག་ནས། ལྕགས་ཐབ་འགྲམ་ནས་སྡོད་དང་། ཨ་ཕས་ཁ་འདོན་བྱེད་ནས་བསྡད་ཡོད།”
“མི་དགོས། ང་ཨ་མ་ཡོད་ས་ནས་འདུག་བསམ་གི”
“་་་་་་”
“ཨ་མ། རྐང་གྱོལ་ལ་ངོ་མ་མི་ལུས་ཐོབ་སོང་བ་རེད་དམ།”

མཚན་མོ་དེར། ཡང་རྐང་གྱོལ་ཡོང་གི་འདུག རལ་བ་མི་འདུག མཆེ་བ་མི་འདུག མགོ་ལ་མེ་ཏོག་ཅིག་བཏགས་འདུག
“ཁྱོད་ལ་མི་ལུས་ཐོབ་སོང་ངམ།”
“ལོས་ཡོད། གཉེན་ཡང་སྒྲིག་ཡོད། མེ་ཏོག་འདི་ངའི་མག་པས་བཙུགས་ནི་རེད།”
“ཡག་ག”
“ཞེ་གི་ཡག་གི ངེད་གཉིས་འདུག་སའི་ས་ཡང་སྐྱིད། ལུག་ཁྱུ་ཡང་ཡོད།”
“ངས་ཁྱོད་ལ་མ་འགྲིག་པ་བྱས་ནོ། སེམས་ལ་མ་འཛིན་རོགས། ངས་་་་་་ “
“ཚང་མ་ཁྱིམ་ཚང་གཅིག་རེད། ཁྱོད་ད་དུང་བྱིས་པ་རེད་མོ།” རྐང་གྱོལ་གྱིས་ལག་པ་ཡ་གཅིག་ངའི་ཕྲག་པར་བཞག་ནས་ཧ་ཅང་སྙིང་ཉེ་ཉེ་བྱས།
“ངས་ཁྱོད་ལ་མིང་ཞིག་འདོགས་པ། ་་་་་་”
“འཛའ་ནི་མ་རེད། ང་ལ་མིང་ད་འཛའ་ནི་མ་རེད།”
“རྩྭ་ཐང་གི་སྲུང་མ།”
“གཞུག་མ། ཁྱོད་ས་འདི་ལ་ཡོང་ན། དར་ལྕོག་ཅིག་ཁྱེར་ཡོང་ཨེ་ཐུབ། ངེད་ཚང་གི་ཁང་ཐོགས་ལ་དར་ལྕོག་ཅིག་འཐེན་བསམ་མོད། རྙེད་ཐབས་མེད་གི”
ཡང་གཅིན་པ་གྲོལ་ནས་གཉིད་སད་བྱུང་།

ངས་ཨ་མར་རྨི་ལམ་བཤད་ནས། རྐང་གྱོལ་གྱི་རེ་བ་དེ་སྒྲུབ་ཐབས་ཅི་ཡོད་ན་ཞེས་དྲིས་དུས། ཨ་མས་ཕུ་བོ་དང་ངེད་གཉིས་ཨ་མྱེས་རྩིབས་བརྒྱད་ཁར་བསང་ཕུད་བར་མངགས་སོང་།
རླུང་རྟ་གཏོར། དར་ལྕོག་འཐེན། དེ་ནས་བཟུང་རྐང་གྱོལ་ངའི་རྨི་ལམ་དུ་ཡོང་མ་མྱོང་།

རྐང་གྱོལ་གཏིང་བརྗེད་དུ་སོང་ནས་ཕལ་ཆེར་ལོ་ངོ་ཉི་ཤུ་རྩ་གྲངས་ཕྱིན་འདུག་མོད། ཁ་སང་གློ་བུར་དུ་དྲན་བྱུང་། རྐང་གྱོལ་དྲན་པ་མ་ཟད་རྨི་ལམ་དེ་དག་ཀྱང་གསལ་ལྷམ་མེར་དྲན་བྱུང་།

ངས་རིག་ནུས་མཉེན་ཆས་ནས་རྐང་གྱོལ་དང་རྨི་ལམ་མཚོན་པའི་རི་མོ་ཞིག་སྒྲིག་བཟོ་བྱས་ནས་རང་གི་གཅེས་ཕྲུག་གཉིས་ལ་བསྟན་ཞོར་བྱིས་དུས་ཀྱི་བྱུང་བ་དེ་བཤད།

2024-01-04 ཇག་ལྷ་དཀར་པོ།
གཅིན་པ་གྲོལ་བ། གཅིན་པ་ཤོར་སོང་བ་རེད་དམ། ཧ་ཧ་ཧ་་་གཅིན་རིལ་བའམ་གཅིན་པ་བྲོ་བ་ཟེར་ན་ཁ་སྐད་ལ་མཐུན་སྙམ།

བོད་སྒྲུང་ངོ་མ་ཞིག 
བྱིས་སྒྲུང་ལེགས་པོ་ཞིག 
སྒྲུང་ཐུང་ཡིག་བརྒྱ་མ་ཞིག  
ད་དུང་མུ་མཐུད་རྩོམ་ཐུབ་ན་ཅི་འདྲ་ལེགས་ཨང་།
2023-12-31 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།