བཀླགས་གྲངས། 1087
མུ་ཏིག་གིས།
མཁས་གྲུབ་བུད་སོང་བའི་གནས་ཚུལ་དེ་དྲ་ཐོག་ནས་མཐོང་སོང་། ད་ལྟ་ཁྱེད་མ་བུ་གཉིས་སེམས་སྡུག་གི་ནང་ན་ཡོད་པ་ནི་བཤད་ག་ལ་དགོས། ང་ཚོའི་བོད་རིགས་སྤུན་གྲོགས་མང་པོ་ཞིག་གི་སེམས་པ་ཡང་སྐྱོ་བཞིན་ཡོད།
འོན་ཀྱང་མཁས་གྲུབ་ནི་གྲ་སྒྲིག་ཅན་གྱི་མི་ཞིག་ཡིན་པས། ན་ནིང་རྡ་ས་ནས་ཐུག་དུས། ཡུན་རིང་འདུག་ཁོམ་མེད་པའི་སྐད་ཆ་བཤད་བྱུང་ལ། དེ་མ་ཟད་དགའ་ཕྱོགས་གཅིག་པ་ཚོ་བསྡུས་ནས་བྱིས་སྒྲུང་འགྲེམས་སྟོན་གྱི་ཚོགས་འདུ་ཆུང་ཆུང་ཞིག་ཀྱང་འཚོགས་པ་རེད། དེ་ནི་བྱིས་པའི་རྩོམ་རིག་གི་ལོ་རྒྱུས་ཁྲོད་ཀྱི་ལེའུ་གསར་བ་ཞིག་ཀྱང་ཡིན།
ད་དུང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བཅར་ནས། ལས་དོན་དང་གཟུགས་པོའི་གནས་སྟངས་བཅས་ཁོང་ཚང་གི་གསེར་སྙན་རིན་པོ་ཆེར་སྙན་གསེང་ཞུས་པ་དང་། ཁོང་ཚང་གི་བཀའ་སློབ་རིན་པོ་ཆེ་སྙིང་ལ་བཅངས་ནས་སྙིང་སྟོབས་ཞུམ་མེད་དང་འགྱོད་སེམས་མེད་པར་ལམ་ལ་ཆས་རྒྱུའི་གྲ་སྒྲིག་བྱས་སོང་། མི་ཞིག་ལ་མཚོན་ནས་བཤད་ན། དེའི་ནང་ནས་བོད་པ་ཞིག་ལ་མཚོན་ནས་བཤད་ན། དེ་ལས་ལྷག་པའི་གྲ་སྒྲིག་ཅིག་ག་ལ་ཡོད། ཁོང་ནི་ང་ཚོའི་སྤོབས་པ་དང་གཟི་བརྗིད་རེད་ཟེར་ཆོག་ཆོག་ཡིན།
དེ་བཞིན་ཁོང་འཇིག་རྟེན་འདི་ནས་འཚོ་ཞིང་བཞུགས་པའི་རིང་སྐད་ཡིག་དང་བོད་ཀྱི་ཕྱི་རབས་པའམ་མ་འོངས་སོན་རྩ་བྱིས་པ་ཚོའི་ཆེད་དུ་ལུས་ཚེགས་སེམས་ཚེགས་དང་། དུས་ཚོད་བཅས་ཀྱིས་འགྲོ་གྲོན་ཕངས་མེད་བཏང་བ་ནི་ང་ཚོས་བརྗེད་ག་ལ་སྲིད། དུས་རྟག་ཏུ་དྲན་ངེས། དེ་བཞིན་ཁྱེད་མ་བུ་གཉིས་ཀྱིས་རྒྱབ་སྐྱོར་བླ་མེད་ལ་བརྟེན་ནས་ལས་དོན་དེ་དག་ལེགས་འགྲུབ་བྱུང་བ་ཡིན་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་རིང་ང་ཚོ་ཁྱེད་གཉིས་དང་ལྷན་དུ་ཡོད་ཅེས་ཞུ་འདོད་བྱུང་།
ཁོང་ནམ་ཡང་ང་ཚོའི་སེམས་ཁོང་ན་གསོན་པོར་གནས་ཡོད།
རྒྱ་གར་རྡ་རམ་ས་ལ་ནས་ཁྱེད་ཚང་གི་གྲོགས་མོ་ཉི་མ་འཚོས་ཕྱི་ལོ་༢༠༢༤ ཟླ་༡ ཚེས་༡༠ ཕུལ།
(ཡི་གེ་འདི་འཕྲོད་ས་ལ་སྔ་ས་ནས་འཕྲོད་ཡོད་མོད། གཉར་ཚགས་ཆེད་འདིར་བཀོད་པའོ།།)
