བཀླགས་གྲངས། 1053
མུ་ཏིག
ཟླ་འོད་འཐུང་བའི་བཟི་ཁ་དང་།།
སྐྱོ་བ་འཐུ་བའི་སེམས་པ་གཉིས།།
ག་དུས་སྨྲེང་བ་མཉམ་འཁུར་རེད།།
ཚོར་བའི་ལག་རྡང་བཤིགས་མྱོང་མེད།།
འབྲུག་སྐད་འཁུར་བའི་གནམ་ངོ་དང་།།
གློག་དམར་འཁྱུག་པའི་དགུ་ཚིགས་གཉིས།།
ག་དུས་འཚུབ་མ་མཉམ་འཁོར་རེད།།
ཆར་དང་སེར་བ་དུས་མིན་འབབ།།
གསོན་ཤུགས་འབར་བའི་ལྗང་ལོ་དང་།།
རང་སྟོབས་འཁུར་བའི་ཚོར་འདུ་གཉིས།།
ག་དུས་རང་ཚུགས་ཁེར་རྐྱང་རེད།།
ལས་ལ་ངོ་ལོག་བྱས་མ་མྱོང་།།
ལྷུང་ལྷུང་འདུར་བའི་རྫ་ཆུ་དང་།།
གཡའ་མ་འཁུར་བའི་བོང་བུ་གཉིས།།
ག་དུས་ཉིན་མཚན་མཉམ་འགྲོགས་རེད།།
ཚེ་ཡི་ལན་ཆགས་ཁ་ཁ་རེད།།
ཚ་བའི་མེ་ཏོག་དཀར་པོ་དང་།།
དུས་ཀྱི་གྲོག་མ་གཤོག་ཐོགས་གཉིས།།
གསུམ་པའི་རང་མཚམས་མཉམ་གྲོལ་རེད།།
མི་རིང་འཆི་སྟངས་གཅིག་པ་འདྲ།།
ཁ་སང་བྱུང་བའི་གཏམ་རྒྱུད་དང་།།
དེ་རིང་རླུང་གི་གཡུག་ཕྱོགས་གཉིས།།
ཡི་གེའི་རི་མོ་གཅིག་ལ་བབས།།
ལས་ཀྱི་ལམ་ཐིག་ཁ་ཁར་ཕྱོགས།།
དྲན་པའི་ནང་གི་གཟུགས་བརྙན་དང་།།
འཚོ་བའི་ཁྲོད་ཀྱི་སྣང་བརྙན་གཉིས།།
རྨི་ལམ་དེ་ཡི་ཕྱིར་མིག་རེད།།
རང་སེམས་དམར་པོའི་འཁྲུལ་སྣང་རེད།།