བཀླགས་གྲངས། 1232
འབའ་སྲས།
སྐྱིད་པོའི་ཉལ་ཁྲི་ཞིག་ཁྱིམ་གྱི་ཁྱམས་ན་ཡོད།།
ལྦུ་ཆང་ལྕགས་ཐོ་འགའ་ཉལ་ཁྲིའི་འོག་ན་ཡོད།།
ཐ་མག་སྔོ་ཤུར་ཞིག་ཁ་སྣ་གཉིས་ན་ཡོད།།
ཀུ་ཤུ་ཁ་པར་ཞིག་ལག་པ་གཡོན་ན་ཡོད།།
བརྩེ་ལྡན་ཆུང་མ་ནི་ཟ་ཁང་ནང་ན་ཡོད།།
བུ་དང་བུ་མོ་གསུམ་རང་རང་ས་ན་ཡོད།།
རྒད་པོ་འབའ་སྲས་ང་ཁྱམས་རའི་ནང་ན་ཡོད།།
ཁྱམས་ར་ཆུང་ཆུང་འདི་སྙན་ངག་ལྡིང་ཁང་ཡིན།།
དུ་བ་རྔུབ་ཐེངས་རེར་ཐོད་གཉེར་མདུད་པ་རེ།།
ལྦུ་ཆང་ཧུབ་འཐུང་རེར་མིག་ཟུང་ཀླད་སྐོར་རེ།།
མཛུབ་མོ་འཁྱུག་ཐེངས་རེར་ཚིགས་སུ་བཅད་པ་རེ།།
ཁྱམས་རའི་ཆང་འཐུང་ང་མྱི་སྐྱིད་བསོ་མོ་ཞིག །
ཆང་གིས་མྱོས་གྱུར་ན་ཧབ་ཆ་དི་རི་རི།།
ཆང་གིས་དྭངས་སོང་ན་ལ་གཞས་སིང་སིང་སིང།།
སྙན་ངག་གྱེར་འདོན་ཡང་ལྦུ་ཆང་འཐུང་འཐུང་བྱེད།།
ཁྱམས་ཀྱི་ཉལ་ཁྲི་དེ་གླུ་གར་སྟེགས་བུ་བཞིན།།
སྒེའུ་ཁུང་ཕྱི་རོལ་ན་མེ་ཏོག་ལྗོན་ཤིང་མཛེས།།
ཁྱིམ་གྱི་ཐབ་སྟེང་ན་ལག་ཟས་དྲི་ཞིམ་འཐུལ།།
སྙན་ངག་ཕ་ཁྱིམ་ན་འཆད་ཁྲིད་སྐད་ངག་མཐོ།།
ཁྱམས་ཀྱི་མལ་ཁྲི་ན་འཁྲབ་སྟོན་ལ་མ་ལིང་།།
ཁྱིམ་ཁང་གྲུ་བཞི་འདི་འཁོར་བའི་གཞི་མ་ཡིན།།
ཁྱམས་ར་དོག་མོ་འདི་སྒྱུ་རྩལ་ལྡིང་ཁང་ཡིན།།
སྒེའུ་ཁུང་ཕྱི་རོལ་ནི་རང་དབང་རྩེད་ར་ཡིན།།
འབའ་སྲས་རྒད་པོ་ང་མྱི་སྐྱིད་མཚར་པོ་ཞིག།
རྒྱབ་ལ་གྱོན་པ་ནི་ལྭ་བ་རྙིང་པ་ཞིག །
ལམ་གྱི་ཞོན་པ་ནི་འཕྲུག་རྟ་ཆག་པོ་ཞིག །
ལས་ཀ་བྱེད་ས་ནི་གཙང་སྤྲ་བྱེད་ས་ཞིག །
འོན་ཀྱང་སྙན་ངག་ནི་གསར་བ་གསར་བ་ཞིག །
སྨུག་པོའི་གདོང་ཁུག་ན་མིག་ཤེལ་དཀར་པོ་ཞིག
མ་ནེ་མགོ་ཐོག་ན་ཨག་ཚོམ་རིང་པོ་ཞིག །
ཁ་ཡི་གཡས་ཟུར་ན་སྨེ་བ་ནག་པོ་ཞིག །
སྙན་ངག་མཁན་པོ་ཁྱོད་ལས་ཡིན་འདོད་ནི་ཞིག །
ཆུང་མ་ཡོད་ས་ནས་རྒད་པོ་ཚད་ལྡན་ཞིག །
བུ་ཕྲུག་མིག་མདུན་ནས་ཨ་ཕ་ངོ་མ་ཞིག །
སློབ་མའི་སེམས་གཏིང་ནས་དགེ་རྒན་ཡང་དག་ཅིག །
སུ་ཡང་མེད་ས་ནས་ཇག་པ་ངོ་མ་ཞིག །
སྒོར་མོ་ཡོད་དུས་ནི་ཕྱུག་འདོག་མི་སྟོན་ཀྱང་།།
བཟའ་བཏུང་སྐོན་དུས་ཀྱང་སྤྲང་ཉམས་མེད་པ་ང་།།
ཁྱམས་རའི་ལྡིང་ཁང་དང་བྱ་བྱིའུ་སྐད་སྙན་གཉིས།།
ལྷན་དུ་འཛོམས་ན་ནི་སྙན་ངག་རྫོགས་མཐའ་མེད།།
ཞོགས་པའི་ཉི་ཟེར་ནི་ང་ཡི་དུང་སྒྲ་ཡིན།།
སྤྲིན་དཀར་འཕྱོ་བ་ནི་བདག་གི་རླུང་རྟ་ཡིན།།
དཀར་ཡོལ་དཀར་པོ་ནི་ཁོ་བོའི་འཚོ་བ་ཡིན།།
སྙུ་གུ་ཟད་པོ་འདི་གུས་པའི་སྙན་ངག་ཡིན།།
ཟི་ལིང་རླངས་འཁོར་ནི་ང་ལ་དགོས་པ་མེད།།
ཨ་རིའི་ཁང་བརྩེགས་ནི་ང་ལ་བེད་སྤྱོད་མེད།།
ཧྲང་ཧེ་གཞུང་ལམ་ཡང་དེ་བས་མཁོ་བ་མེད།།
མེད་དུ་མི་རུང་ནི་བདག་གི་ཁྱམས་ར་ཡིན།།
ལྷ་སའི་ལྷ་ཁང་ན་གསལ་བའི་བཙན་པོ་དང་།།
རྒྱལ་བོའི་སྐུ་དྲུང་ན་ལངས་པའི་བཙུན་མོ་ལས།།
སྙན་ངག་རང་བྱུང་ནི་བཞུར་བའི་ཁྱམས་ར་འདི།།
བདག་ལ་དབང་ལ་ནི་སྙན་ངག་ཟད་པ་མེད།།
ཆང་གིས་བཟི་སོང་ན་དཔོན་པོར་ཚོགས་གཏམ་གཏོང་།།
བཟི་ཡིས་དྭངས་སོང་ན་ཆུང་མར་ངོ་དགའ་བྱེད།།
བུ་དང་བུ་མོ་ལ་བརྩེ་བ་ཡ་མཚན་ཆེ།།
གྲོགས་དང་གྲོགས་མོ་ལ་ངོ་དགའ་རྒྱབ་བཤད་མེད།།
ཀུ་ཤུ་ཁ་པར་ཞིག་ལག་པ་གཡས་ན་ཡོད།།
སྙུ་གུ་ནག་པོ་ཞིག་ལག་པ་གཡོན་ན་ཡོད།།
ཤོག་བུ་དཀར་པོ་ཞིག་མིག་གི་མདུན་ན་ཡོད།།
སྙན་ངག་འབྲི་འདོད་ཅིག་རང་གིས་སེམས་ན་ཡོད།།
མལ་ཁྲི་བདེ་བོ་ཞིག་ཉལ་ཁང་ནང་ན་ཡོད།།
འབོག་གདན་འཇམ་པོ་ཞིག་འགྲུལ་ཁང་ནང་ན་ཡོད།།
ཆུང་མ་བཟང་མོ་ཞིག་རང་གི་འགྲམ་ན་ཡོད།།
ཁྱམས་ར་ཆུང་ཆུང་འདི་དེ་དག་ལས་ཀྱང་ལྷག།
ང་རང་སྐྱེས་ས་ནི་གཞན་གྱིས་འཕྲོག་སོང་ཡང་།།
ང་རང་འཚར་ས་ནི་ལམ་ནས་བོར་སོང་ཡང་།།
ང་ལ་དབང་བ་ཡི་ཁྱམས་ར་ཆུང་ཆུང་འདི།།
མ་འཆི་བར་དུ་ནི་སྙན་ངག་ལྡིང་ཁང་ཡིན།།
ཁྱམས་རའི་སྙན་ངག་པའི་ཐོག་མའི་གླེང་སློང་བ་སྟེ་ལེའུ་སྟེ་དང་པོའོ།། །།