བཀླགས་གྲངས། 992
མུ་ཏིག་གིས།
རྒྱན་ཆ། འཇིག་རྟེན་ནས་ངས་རྒྱན་ཆ་ལ་སྣང་འཇོག་ཅི་ཡང་བྱས་མ་མྱོང་།
ཐ་ན། དུས་ཚོད་ཀྱིས་གནང་བའི་འདོགས་ཆ་དག་ཀྱང་རེ་རེ་བཞིན་ཕ་ཡུལ་ལ་བཞག
མཚན་མོ་འདིར། ཕ་ལམ་གྱི་རྣ་ལུང་ཆ་གཅིག་པང་ལ་ལྷུང་།
དཀར་པོ་དཀར་པོ། སུ་ཞིག་གི་སེམས་པ་བཞིན།
གཙང་མ་གཙང་མ། སུ་ཞིག་གི་མཛའ་བརྩེ་བཞིན།
མ་གཞི། འདི་གླུ་སྐད་ཀྱིས་བསླས་པའི་ཕ་ལམ་གྱི་རྣ་ལུང་ཆ་གཅིག་རེད།
འདིས་ང་ལ་མཛེས་སྡུག་གི་གཏམ་རྒྱུད་ཅིག་འཆད་གི
འདིས་ང་ལ་ལོ་ཟླའི་རི་མོ་ཞིག་འབྲི་གི
ལག་པས་རེག་ན། རི་མོ་ཡལ་ཨེ་འགྲོ།
རྣ་ལ་བཏགས་ན། གཟི་མདངས་སྣོག་ཨེ་འགྲོ།
ག་ལེར་་་་་། སེམས་ཀྱི་སྒམ་ཆུང་དུ་འཇོག
སེམས་ཀྱིས་མ་སྣོག་ན་སུས་སྣོག
ཕ་ལམ་གྱི་རྣ་ལུང་།
ཡིད་འོང་གི་དྲན་ཤིང་བཞིན།
སེམས་ཀྱི་སྒམ་ཆུང་དུ་འཇོག
༢༠༢༢ ༥ ༢༧མཚན་མོ།