Back To Top

ཁཱ་རོ་ཌ་ཡི་སྙན་ངག

བཀླགས་གྲངས། 1031

མུ་ཏིག་གིས།

ནམ་ལངས་སྐར་ཆེན་མལ་དུ་མ་གཟིམ་གོང་།། 
དྲིལ་བུ་འགའ་ཡི་ལུང་གཞུང་འཁྲོལ་ལོ་ལོ།། 
སྤྲ་དང་བྱེའུས་མགྲིན་པ་མ་གསང་སྔོན།། 
རྟ་ཆུང་དྲེལ་ཆུང་རྨིག་པ་ཐག་ཐག་ཐག།

རི་བོ་ལྗང་ལོའི་བརྗིད་ཉམས་མ་ཤོར་གོང་།། 
ཁོག་གི་གཡའ་མའི་རྦབ་རྡོ་ཉིལ་ལི་ལི།།
མྱི་ལག་རྩིབ་མར་སྲིང་བའི་ནངས་མོ་ནས།། 
རྦབ་ཆུ་འདིས་ཀྱང་མིག་ཆུ་ཁྲོམ་ཁྲོམ་ཁྲོམ།།

ལུག་ཆུང་ལོག་རིལ་འགའ་ཡི་འབའ་སྐད་ཀྱིས།། 
ས་མཐའི་མི་ཡི་སེམས་པ་གྲང་ཤུར་ཤུར།། 
ར་སྤུ་གསིག་གསིག་བྱས་པའི་རྐུན་མ་འགས།། 
ལག་གི་བཟའ་བཏུང་ཁ་འཕྲོག་སྣ་འཕྲོག་བྱས།།

ཕ་བོང་མགོ་ཟད་རེ་རེའི་ངོ་མདངས་ཀྱིས།། 
སྙིང་རུས་ཞེས་པའི་གླུ་ཆུང་ཟིང་ཟིང་ཟིང་།།
བྲག་སྲུབ་མུ་གེ་མེ་ཏོག་གསོན་ཉམས་ཀྱིས།། 
སྲ་མཁྲེགས་ཞེས་པའི་གཤིས་ཀ་འོད་ལམ་ལམ།།

རི་རྒན་སྐྱ་རིལ་མགོ་ཡི་ཁངས་ཆུང་གིས།། 
སྙིང་ཁར་ཕ་ཡུལ་ཡིག་ཆུང་ཁངས་འབབ་འབབ།། 
ལ་དང་ལ་མོ་བརྒལ་བའི་གོམ་ཆུང་གིས།། 
རྒ་བའི་ཐེམ་པར་ལག་འཇུ་ཡང་ཡང་ཤོར།།

ལྕགས་ཀྱི་ཆུ་སྦུག་ཆེ་མ་ཆུང་གསུམ་གྱིས།། 
རི་བོའི་སྟོབས་འདི་བཙན་གྱིས་བཀྱིགས་བཀྱིག་ནས།། 
ཁཱ་རོ་ཌ་ཡི་དབྱར་ཀྱི་མཛེས་སྡུག་ཀྱང་།། 
ཁ་ངོ་སྐམ་པར་འགྱུར་རྒྱུའི་ལུང་བསྟན་བྱུང་།།

སེར་ཆེན་མེད་པའི་དབྱར་གཞུང་སྤང་ཁ་ནས།། 
ཁྱིམ་གཞིས་མེད་པའི་མི་འགའ་འཛོམས་ཁ་བྱས།། 
ལོ་ཟླའི་འཁོར་བསྐྱོད་ཅེས་པའི་རྒྱབ་མདུན་ནས།། 
ནང་མི་ཞེས་པའི་དགོད་སྒྲ་ལྷང་ལྷང་ལྷང་།།

སེམས་པ་ཉི་འོད་བསྲེས་པའི་བྱིས་པ་འགའ།། 
ནམ་མཁའ་སྔོན་པོའི་འོག་ནས་འཛུམ་ཤིག་ཤིག།
གུར་ཆུང་ནང་གི་ལོ་ལོ་སྙིང་རྗེ་ཚོས།། 
སྐར་མའི་གཞུང་ནས་དགོད་སྒྲ་ལན་གཅིག་སྒྲོག།
༢༠༢༣ ༦ ༡༡

2024-07-01 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།