Back To Top

དེབ་གསར།

མུ་ཏིག་གིས།

བཀླགས་གྲངས། 789

དཔེ་དེབ་འདི་ནི་རྩེག་འདོགས་ཀྱི་ཡི་གེ་ཉུང་བའི་བྱིས་དེབ་ཅིག་དང་། སྦྱོར་ཀློག་གསར་དུ་སྦྱོང་བཞིན་པའི་བློ་གསལ་བྱིས་པ་རྣམས་ཀྱི་ཆེད་དུ་བྲིས་པ་ཞིག་ཡིན། ནོར་གླིང་སྔོན་འགྲོ་སློབ་གྲྭའི་དབུ་འཛིན་ཟུར་པ་རྒན་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དེ་སྔོན་ང་ལ་འདི་ལྟར་གསུངས་མྱོང་། གསལ་བྱེད་སྦྱངས་པ་དང་གསལ་བྱེད་ཀྱི་ཚིག་གྲོགས་དང་འབྲེལ་བའི་དེབ་ཉུང་པས། གསལ་བྱེད་སྦྱངས་ཙམ་ནས་སྒྲུང་ཀློག་པའི་བར། བྱིས་པ་མང་པོ་ཞིག་ལ་དཔེ་ཀློག་གི་དབྱིངས་བརླག་པའི་དཀའ་ངལ་ཡོང་གི་འདུག་ཅེས་དང་། ན་ནིང་ཨ་རིའི་མཱི་ནེ་སོ་ཌའི་གཟའ་མཇུག་སློབ་གྲྭར་བཅར་དུས། ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མཁན་རྒན་ངག་དབང་སྒྲོལ་མ་ལགས་ཀྱིས་ཀྱང་། ང་ཚོའི་བྱིས་པ་ཚོས་བོད་སྐད་ཡག་པོ་ཞིག་མ་ཤེས་པའི་ཐོག གསལ་བྱེད་སྦྱངས་ཙམ་ནས་རྩེག་འདོགས་ཀྱི་ཡི་གེ་མང་པའི་སྒྲུང་དེབ་དག་ཀློག་རྒྱུར་དཀའ་སྣང་ཡོང་གི་འདུག་པས། ཏོག་ཙམ་ལས་སླ་པོའི་རིགས་ཏེ། རྩེག་འདོགས་ཉུང་བ། ཡི་གེ་ཉུང་བའི་རིགས་བརྩམས་ཐུབ་ན་དགེ་མཚན་ཆེ་བའི་སྐོར་ང་ལ་གསུངས་མྱོང་། སྐབས་དེར་ང་སློབ་གྲྭ་དེར་མངགས་མཁན་གྱི་སློབ་དཔོན་ཆེན་མོ་ཝེག་ཌར་ལགས་དྲན་བྱུང་། ཁོང་གིས་ “ཁྱོད་མཱི་ནེ་སོ་ཌ་ལ་སོང་། དེ་ན་བོད་པའི་སློབ་ཕྲུག་མང་པོ་ཡོད། ཁོང་ཚོའི་གནས་སྟངས་མཐོང་ན་ཁྱོད་ཀྱིས་བྱིས་སྒྲུང་རྩོམ་ཕྱོགས་ལ་བསམ་བློ་གསར་པ་རེ་རྙེད་སྲིད། ཡང་ན་ཁོང་ཚོར་ཕན་ཐོགས་པའི་ལས་ཀ་རེ་ཡང་ཁྱོད་ཀྱིས་བསྒྲུབ་ཐུབ་སྲིད།” གསུངས་བའི་ཚིག་དེ་ཡིད་ལ་དྲན་ཞིང་། རྒན་ངག་དབང་སྒྲོལ་མ་དང་ལྷན་དུ་ཁ་བརྡ་བྱེད་ཞོར་ཁོང་ཚོའི་སྐུལ་སློང་དང་ལམ་སྟོན་བཞིན་དེབ་དེ་འདྲ་གཅིག་ངས་འབྲི་ཆོག་ཅེས་ཁས་ལེན་ཞུས་པ་ཡིན། དེ་ནས་ཉིན་འགའ་མ་སོང་བར་རི་མོ་བ་པད་ཚེ་ལགས་ཀྱིས་འབྲེལ་བ་གནང་སྟེ་ཁོང་ལ་རི་མོའི་ལས་ཀ་ཞིག་དགོས་ཀྱི་འདུག་པས་ཅིས་ཀྱང་མཁོ་སྤྲོད་དམ་ངོ་སྤྲོད་གནང་རོགས་ཞེས་མངགས་བྱུང་པས། ཀ་ཁ་ག་ང་། ངོ་མཚར་ཆེ་ཞེས་པའི་དེབ་ཆུང་འདིའི་ཚིག་རྣམས་ཝར་ཇི་ནེ་ཡའི་རི་སྒང་ཞིག་ནས་ཁ་པར་དུ་གཏགས་རྗེས་ཁོང་ལ་བསྐུར་སྟེ་འདི་ལ་རི་མོ་བྲིས་ཤོག་ཅེས་ཡིག་ཕྲེང་རེ་རེ་འགྲེལ་བཤད་ཞུས་པ་ཡིན། དེ་ནི་དེབ་འདི་ལེགས་འགྲུབ་ཀྱི་བརྒྱུད་རིམ་ཡིན།

འགྲེམ་སྤེལ། 
ཁ་ཉིན་ང་བསྟན་པ་དར་ཕྱུག་ལགས་ཀྱི་བྱིས་སྒྲུང་དཔེ་དེབ་དབུ་འབྱེད་ལ་བཅར་རྒྱུ་བྱུང་། དེར་དཀོན་མཆོག་རབ་བརྟན་ལགས་ཀྱིས་ “ཕ་མ་ཚོར་དཔེ་དེབ་ཉོས་ཞུ་དུས་དཀའ་ལས་ཁག་པོ་འདྲ་རེད་དེ། བསམ་བློ་ཞིག་བཏང་ན། ཕར་འགྲོ་ཞོར་འཁྱག་ཞོ་གཅིག་ཉོས། དེ་ནས་ཕར་སོང་སྟེ་ཆཱིབ་སི་གཅིག་ཉོས། ཧིན་སྒོར་བརྒྱ་ཉིས་བརྒྱ་དེ་ལྟར་གཏོང་བར་ཕངས་སེམས་མེད་ས་ནས། དེབ་གཅིག་ཉོ་བར་ཕངས་སེམས་མ་གནང་རོགས་” ཞེས་གསུངས་པ་དོན་ལ་གནས་པ་རེད་བསམ། བོད་ཡིག་གི་དེབ་དང་ཚགས་པར་ལ་ཁྲོམ་ར་ཆེན་པོ་མེད་པའི་སྟེང་དཀའ་ལས་རྒྱག་མཁན་མང་ཆེ་བ་དབུལ་པོ་ང་ལྟ་བུ་རེད། དེར་བརྟེན་ང་ལ་རིན་མེད་དུ་འབུལ་རྒྱུ་ཞིག་མི་འདུག་ཀྱང་། ཀློག་པ་པོས་དཔེ་དེབ་ཀྱི་མ་རྩ་ལས་ལྷག་ཅིག་གནང་དགོས་ཀྱི་མེད་ཅེས་ཞུ་རྒྱུ་ཡིན། དཔེ་དེབ་ནང་ནས་ཡི་གེ་གཅིག་ངོ་ཤེས་པ་དེ་བྱིས་པ་ཚོའི་མི་ཚེ་རིང་པོའི་ཤེས་ཡོན་སློབ་སྦྱོང་གི་མ་རྩ་བྱ་ཆོག་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།

ད་དུང་དེབ་འདི་ཀློག་པར་ཚིག་གི་གཅོད་མཚམས་མི་འཁྲུགས་པའི་ཆེད་དུ་ཚིག་འབྲུར་ཚོན་ཁྲ་མ་འདྲ་བ་བྱས་ཡོད། བྱིས་པ་སུ་ཞིག་གིས་དཔེ་དེབ་འདི་ཀློག་ཚེ། གནད་འགག་ཅན་གྱི་མིང་ཚིག་སུམ་ཅུ་ལྷག་དང་། བྱ་ཚིག་སུམ་ཅུ། བརྗོད་པ་སུམ་ཅུ། མཚར་སྣང་ལྡན་པའི་པར་རིས་སུམ་ཅུ་ལྷག གྲངས་ཀ་གཅིག་ནས་བརྒྱ་བར་བཅས་བློ་ལ་ངེས་པ་མ་ཟད། ཁོང་ཚོར་དཔེ་ཀློག་གི་གོམས་གཤིས་འཇགས་པར་རམ་འདེགས་དང་སྤྲོ་སྣང་འདྲེན་པའི་གྲོགས་པོ་ཞིག་གི་དོན་གོ་ཆོད་པར་ཡང་ཡིད་ཆེས་ཡོད།
བཀའ་དྲིན་ཆེ།

འབྲེལ་ཡུལ། མུ་ཏིག
+91 9816641091
Nyimatso519@gmail.com

2024-07-01 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།