Back To Top

དོ་ནུབ་ང་བྱིས་དུས་ཀྱི་འཇིག་རྟེན་ན་ཡོད།

མུ་ཏིག་གིས།

བཀླགས་གྲངས། 787

དེ་རིང་ཕྱི་ལོ་༢༠༡༨ཟླ་༡ཚེས་༡༧རེད། ཚ་བོས་ང་ལ་པར་རྙིང་གཉིས་སྐད་འཕྲིན་བརྒྱུད་ནས་བསྐུར་བྱུང་། འདིས་ཇི་ལྟར་བཙལ་ཡང་རྙེད་དུ་མེད་པའི་འདས་ཟིན་གྱི་ལོ་ཟླ་དེ་ལ་ཕྱིར་དྲན་བྱེད་དགོས་བྱུང་།

ལོ་དེ་༡༩༩༢ལོར་རེད། ང་ཆེས་ཐོག་མར་སློབ་ཆུང་གི་སྒོ་ཐེམ་འགྲིམས་དུས་རེད། ཨ་ཕས་ང་ལ་ཉལ་ཆས་ཆ་ཚང་དང་ཤིང་སྒམ་ཞིག་བཟོས་རྗེས་རྟའི་གོང་ལ་སློབ་གྲྭར་སྐྱེལ་སོང་། དེ་ནས་བཟུང་གཟའ་འཁོར་གཉིས་རེར་མ་གཏོགས་ཁྱིམ་དུ་ལོག་སྐལ་མེད། སྡེ་བ་སོ་སོའི་སློབ་མ་ཆེ་ཆུང་ཚང་མ་ཉལ་ཁང་གཅིག་ཏུ་བཞག་ནས་སློབ་མ་ཆེ་བ་ཚོས་ཆུང་བ་ཚོར་ལྟ་རྟོགས་བྱས་པ་ནི་སྒྲིག་སྲོལ་ཅིག་རེད་འདུག སྐྲ་སླ་རྒྱུ་དང་སློབ་ལྭ་བཀྲུ་རྒྱུ་སོགས་ལ་དལ་འགོར་ཅི་ཡང་མེད་པར་ཨ་ཅེ་ཚོས་འགན་འཁུར་མོད། མཚན་མོ་ནམ་ཞིག་ལ་གྲོད་ཁོག་ན་བ་སོགས་བྱུང་ན་གསང་སྤྱོད་དུ་རོགས་པ་གནང་མཁན་གྱི་ཨ་ཅེ་ཤིན་ཏུ་དཀོན། མཚམས་རེར་བྲོས་མ་འདུར་གྱིས་གསང་སྤྱོད་ཀྱི་སྒོ་འགྲམ་སོགས་ནས་མི་གཙང་དོར་རྗེས་ཕྱིར་བྲོས་ནས་ཉལ་སར་ཨེ་ཐོན་བལྟས་མྱོང་། སྐབས་དེར་གདོན་འདྲེ་གང་ཞིག་གིས་རྗེས་འདེད་གཏོང་བཞིན་པའི་ཚོར་སྣང་ དེས་ཉལ་ས་ནས་ཀྱང་མགོ་བོ་བཏུམས་ནས་ཉལ་བ་ཉུང་ཉུང་མིན།

སྐབས་དེར་ཚོ་བ་གཅིག་ཀྱང་སྡེ་བ་མི་གཅིག་པ་སོ་སོ་ནས་སློབ་གྲོགས་༤༩ཏག་ཏག་ལོ་རིམ་དང་པོའི་སློབ་ཁང་ནང་ལ་འཛོམས་ཡོད། འཛིན་གྲྭའི་དགེ་རྒན་གྱི་མིང་ལ་མགོན་པོ་ཚེ་རིང་ཟེར་ཞིང་སློབ་མ་ཚང་མས་ཨ་དགའ་(ཕུ་བོ་ལ་འབོད་སྟངས་ཤིག)མགོན་པོ་ཚེ་རིང་ཞེས་བོས་པ་ལས་དགེ་རྒན་ཟེར་མཁན་གཅིག་ཀྱང་མེད། དེ་ལྟར་སློབ་ཆུང་ནས་ལོ་དྲུག་འདས་པའི་དབྱར་ཁ་ཞིག་ལ་ཨ་དགའ་མགོན་པོ་ཚེ་རིང་གིས་ང་ཚོ་སློབ་འབྲིང་དུ་ཞུགས་རྒྱུའི་སྐོར་ནས་སློབ་གསོ་གཏིང་ཟབ་གནང་བྱུང་། སྐབས་དེར་སློབ་མ་༤༩ནས་༡༠ལས་ལྷག་མེད། ལ་ལ་གནས་ལ་བུད་སོང་། ལ་ལ་མག་པར་བུད་སོང་། ལ་ལ་གྲྭ་བ་བྱས་སོང་། བྱིས་པ་ཏག་ཏག་ཡིན་མོད། ལས་སྐལ་གྱིས་དེད་ནས་མཐའ་མར་༡༠ལས་ལྷག་མ་སོང་།

སློབ་ཆུང་དང་བྲལ་ཁ་མ་དེར་སློབ་གྲོགས་ཚང་མས་དགེ་རྒན་གྱི་བཀའ་སློབ་ལ་སེམས་འགུལ་ཐེབས་ནས་ཁུ་སིམ་སིམ་དུ་ངུས། ང་གཙོད་བོད་རིགས་སློབ་འབྲིང་དུ་ཞུགས་པ་དང་སློབ་གྲོགས་གཞན་ཚོ་འབོ་ར་བོད་རིགས་སློབ་འབྲིང་སྟེ་ས་གནས་རང་གི་སློབ་འབྲིང་དུ་ཞུགས། སྐབས་དེར་ང་ལ་སྤོབས་པ་དང་ང་རྒྱལ་གཉིས་ཀ་ཡོད་པ་ནི་སློབ་ཆུང་ལོ་དྲུག་གི་རིང་ལ་འཛིན་གྲྭའི་གསུམ་བཟང་སློབ་མའི་གོ་གནས་དེ་ངས་སུ་ལ་ཡང་སྤྲད་མ་མྱོང་། དེ་བཞིན་སློབ་འབྲས་ཀྱང་འཛིན་གྲྭ་ནས་རྩེ་གྲས་རྐྱང་བ་བླངས་ནས་ཡོང་བ་ ཡིན། གྲོང་ཁྱེར་གྱི་སློབ་འབྲིང་ལ་རྒྱུགས་འཕྲོད་པའི་ས་གནས་སློབ་མ་དང་པོ་དེ་ཡང་ང་རང་ཡིན། དེར་བརྟེན་དགེ་རྒན་ཚོ་དང་སློབ་སྤྱི། སློབ་གྲྭའི་འགན་འཛིན་སོགས་ནས་དཔྲལ་བའི་མིག་བཞིན་ང་ལ་གཅེས་སྐྱོང་གནང་བས་སློབ་མའི་ཚོགས་ཀྱང་ང་ཡིས་ཤར་ཟེར་ན་ཤར་དང་ནུབ་ཟེར་ན་ནུབ་ཡིན།

ཉིན་ཞིག་ཁ་བ་མཐུག་པོ་བབས་ནས་ཁོར་ཡུག་ཡོངས་རྫོགས་དཀར་ལམ་མེར་བཏང་འདུག་པའི་ཞོགས་པ་ཞིག་ལ་ང་གསང་སྤྱོད་དུ་འགྲོ་བཞིན་པའི་ལམ་བར་ནས་སུ་ཞིག་གིས་ཁངས་རྡོག་གིས་ངའི་མགོ་བོ་གཟེར་འཐོམས་མེར་བཞག་བྱུང་། ཕྱིར་མིག་ཅིག་བལྟས་དུས་རིན་ཆེན་སྣ་གོ་བླུགས་ཞེས་པའི་སློབ་མ་པྲ་ཚགས་དེས་ད་དུང་ལག་པས་ཁངས་རྡོག་ཅིག་བཅས་ནས་སྡོང་མགོ་ལ་གཟེས་འདུག ངས་ན་ཟུག་དང་ཞེ་འཁོན་དེ་མ་བསྲོན་པར་ཁ་ཐུག་སློབ་གྲྭའི་འགན་འཛིན་གྱི་སར་བཅར་བ་ཡིན། འགན་འཛིན་གྱིས་ངའི་མགོར་བྱིལ་བྱིལ་ལན་མང་གནང་རྗེས་རིན་ཆེན་སྣ་གོ་བླུགས་ལས་སླ་བོ་མི་འཇོག་ཅེས་སེམས་གསོ་གནང་བྱུང་།

ཉིན་གུང་སློབ་གྲྭ་གྲོལ་མཚམས་འགན་འཛིན་གྱིས་སློབ་མ་ཡོངས་རྫོགས་བསྡུས་ནས་རིན་ཆེན་སྣ་གོ་བླུགས་གྲལ་མགོར་བོས་སོང་། སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་འགྲམ་ལྕག་ཚ་ཐག་ཆོད་གསུམ་གཞུས་རྗེས་“རྗེས་མ་ནས་བུ་མོ་ཚོར་ཐུབ་ཚོད་བྱོས་དང་འདི་ཙམ་གྱིས་ཨེ་ཆོག་ལྟོས་”ཟེར། རིན་ཆེན་སྣ་གོ་བླུགས་ཀྱིས་དོན་དག་ཅི་ཡང་མ་གོ་བར་ཕྱིར་གྲལ་སྣེར་བསྒྲིགས་པ་དང་ངས་ཅི་ཡང་མ་བྱས། ངས་ཅི་ཞིག་བྱས་པ་ཡིན་ནམ། ཞེས་འགྲམ་པ་ཕུར་བཞིན་ཤབ་ཤུབ་ཀྱིས་སྡུག་སྨྲེ་བཏོན། ཕྱི་དྲོ་འཛིན་གྲྭ་ཚོགས་མ་ཐག་འཛིན་གྲྭའི་དགེ་རྒན་ཨ་དགའ་མགོན་པོ་ཚེ་རིང་ཡོང་ནས་ངའི་མགོར་བྱིལ་བྱིལ་ཡང་ཡང་གནང་བྱུང་། བུ་ཚ་ཚོས་ཁངས་རྡོག་བརྒྱབ་ནས་བུ་མོ་ཚོར་ཐུབ་ཚོད་མ་བྱོས་ཞེས་རེ་བ་ཡང་བཏོན།

གཞུག་ནས་རིན་ཆེན་སྣ་གོ་བླུགས་ཀྱིས་སྡོང་མགོའི་བྱེའུ་ཚོགས་ལ་ཁངས་རྡོག་བརྒྱབ་པ་ལས་མི་ཞིག་ལ་གཏན་ ནས་བརྒྱབ་མེད་ཅེས་རང་ཉིད་མཐའ་ལ་བཀར་བཞིན་པའི་སྐད་ཆ་ཞིག་སློབ་གྲོགས་བུ་ཞིག་གིས་ང་ལ་བཤད་བྱུང་། སྐབས་དེར་ང་འགྱོད་པ་གཏིང་ནས་སྐྱེས་བྱུང་། མ་གཞི་ཁོས་བྱེའུ་ཚོགས་ལ་བརྒྱབ་པའི་ཁངས་རྡོག་དེ་སྟབས་མ་ལེགས་པར་ང་ལ་ཁེལ་བ་ཞིག་མ་ཡིན་ནམ། མ་ཤེས་པ་ན་ཉེས་པ་མེད་ཅེས་པའི་ཕ་མས་བཤད་པའི་གཏམ་དཔེ་ལྟར་ངས་ཉེས་པ་བསགས་སོང་བའི་འགྱོད་བཤགས་ཀྱང་རང་སེམས་ལ་བྱས་པ་ཡིན། སློབ་ཆུང་མཐར་ཕྱིན་ཁ་མ་དེར་ངས་རིན་ཆེན་སྣ་གོ་བླུགས་ལ་དགོངས་སེལ་ཞུ་དགོས་བསམ་ཀྱང་དངོས་སུ་ཞུ་མ་ཐུབ་པས་ད་ལྟ་ད་དུང་ཡང་ངའི་སེམས་ལ་ལུས་ཡོད། པར་རྙིང་འདི་གཉིས་ཀྱིས་ཡང་བསྐྱར་དོན་དག་དེ་ང་ལ་དྲན་གསོ་བཏང་བྱུང་།

ད་དུང་དོན་དག་གཞན་འགའ་ཡང་དྲན་གསོ་བཏང་བ་ནི། སློབ་ཆུང་སྐབས་སུ་བློ་འཛིན་ཧ་ཅང་མང་། ཕལ་ཆེར་སློབ་ཚན་ཧྲིལ་བོ་བློ་བཟུང་ཡོད་ཟེར་ན་ཡང་ལབ་མིན། དག་ཡིག་དང་མིང་ཚིག མིང་ཚིག་མཆན་འགྲེལ། ཁ་ཆེ་ཕ་ལུའི་བསླབ་བྱ་སོགས་བློ་ཐོག་ན་མེད་པའི་སློབ་མ་ཕལ་ཆེར་མེད། དེ་བཞིན་དགེ་རྒན་ཚོས་ཀྱང་དུས་བཅད་ཀྱིས་སློབ་མ་ཚོར་བློ་འཛིན་ལ་སྐུལ་ངེས། སྐབས་དེར་ང་ལ་དགའ་འོས་པའི་བག་ཆགས་ཡ་མཚན་ཞིག་ཡོད་པ་ནི་སློབ་ཚན་གང་ཞིག་གསར་དུ་ཁྲིད་སྐབས་ང་ལ་གསར་བ་ཡིན་པའི་ཚོར་བ་ཕར་བཞག་ཁ་སང་རང་འཁྲིད་སོང་ཨང་སྙམ་པའི་བག་ཆགས་ཤིག་ཡོད། དེ་བཞིན་བློ་འཛིན་ཡང་སྐར་མ་འགའི་ནང་ལ་གྲུབ་འགྲོ། སློབ་གྲོགས་ཚོས་གཟའ་འཁོར་གཅིག་གི་བློ་འཛིན་གྱི་མང་ཉུང་དེ་ངས་ཇ་ཐོག་རེ་བཟུང་ཐུབ་པས་ནམ་རྒྱུན་དགེ་རྒན་གྱིས་བསྟོད་བསྔགས་རྒྱུན་མི་ཆད། འོན་ཀྱང་གཟའ་འཁོར་རེ་རེ་མཇུག་རྫོགས་པ་ནས་སློབ་གྲོགས་ཚོས་བློ་འཛིན་རྒྱུགས་མ་འཕྲོད་པར་དགེ་རྒན་གྱིས་ཉིན་གུང་ཟ་མ་ཡང་བཀག་ནས་བློ་འཛིན་ལ་སྐུལ། སྐབས་དེར་སློབ་མ་ཡོངས་རྫོགས་བསྡུས་ནས་སློབ་གྲྭའི་འགན་འཛིན་སོགས་ཀྱིས་བཀའ་སློབ་གནང་སར་ངའི་འཛིན་གྲོགས་ལས་ང་གཅིག་པོ་མ་གཏོགས་མེད་དུས་ཧ་ཅང་མང་བས། འགན་འཛིན་སོགས་ཀྱིས་ཀྱང་ང་ལ་བསྟོད་བསྔགས་རྒྱུན་མི་ཆད། སེམས་ལ་ང་རྒྱལ་དང་སྤོབས་པ་གཉིས་ཀ་སྐྱེས་མྱོང་མོད་ཉིན་གུང་ཟ་མ་ཟ་བཞིན་པའི་སྐབས་སུ་གློ་བུར་སེམས་མི་བདེ་བ་དང་སློབ་གྲོགས་ཚོ་ལྟོགས་བཞིན་པར་སེམས་ཁྲལ་ཡང་བྱུང་མྱོང་བས་མར་རྩམ་བརྫིས་ནས་ཁ་རོག་གེར་སྐྱེལ་བར་ཕྱིན་པ་ཉུང་ཉུང་མིན།

ནམ་ཞིག་ང་ཚོའི་འཛིན་དཔོན་ཕྱག་རྡོར་ཟེར་བ་ལྷ་ས་ལ་མག་པར་བྱིན་ཡོད་པའི་གསར་འགྱུར་ཞིག་སློབ་གྲྭར་ཁྱབ་སོང་། སྤྱིར་འཛིན་དཔོན་ཕྱག་རྡོར་ནི་གཤིས་སྤྱོད་གཉིས་ལྡན་གྱི་སློབ་མ་ཡ་རབས་ཤིག་ཡིན་པ་མ་ཟད་སློབ་གྲོགས་དག་ནས་ལོ་ན་དང་གཟུགས་སྟོབས་གཉིས་ཀ་ཆེས་ཆེ་བོ་ཡིན། ཁོ་འཛིན་དཔོན་ཡིན་ན་ཡང་འཛིན་གྲྭའི་དབང་ཆ་ཁོ་ལས་ང་ལ་ཆེ་ཟེར་ན་ཡང་ཆོག རྒྱུ་མཚན་དགེ་སློབ་གཉིས་ཀ་ངའི་ཕྱོགས་ན་ཡོད་པས་ངས་ཅི་ཞིག་བཤད་ཀྱང་སློབ་གྲོགས་ཚོ་དེ་ཡིན། ཉིན་དེར་ཁོ་འཛིན་ཁང་དུ་འཛུལ་མ་ཐག་“པོད་མོ། པོད་མོ། པོད་མོ།་(ཡུལ་སྐད་དུ་ལྷ་སའི་བུ་མོར་གོ)”ཞེས་སློབ་གྲོགས་ཚང་མས་མགྲིན་གཅིག་ཏུ་སྐད་ཤུགས་གང་ཡོད་ཀྱིས་འཛིན་དཔོན་ཕྱག་རྡོར་ལ་བལྟས་ནས་སྐད་ཅོར་བརྒྱབ། གཅིག་བྱས་ན་སློབ་གྲོགས་ཚོས་ཁོ་ལྷ་ས་ལ་མག་པར་འགྲོ་བར་བློ་ཡིས་མ་ཐོངས་པ་ཡིན་སྲིད་ལ། ཡང་ན་བུ་མོ་ཚོས་དེར་ཕྲག་དོག་དང་མིག་སེར་ལངས་པ་ཡང་ཡིན་སྲིད། གང་ལྟར་སྐད་ཤུགས་ཧ་ཅང་ཆེ་ལ་ངར་དང་ལྡན་པ་མ་ཟད་རྣམ་འགྱུར་ཀྱང་བརྣག འཛིན་དཔོན་ངོ་ཚ་བ་དང་ཡ་མཚན་པ་ལྟར་འཚབ་འཚུབ་ཏུ་གྱུར་ཏེ་ང་ལ་ཡང་ཡང་བལྟས། ཁོའི་མིག་མདངས་ལས་ངས་གོ་སྒྲིག་བྱས་པ་ལྟ་བུའི་སྣང་ཚུལ་མངོན་ཡོང་བས་“ང་ལ་ལྟ་རྒྱུ་ཅི་འདུག་”ཞེས་བཤད་པ་ཡིན། “ད་ཚོད་ཟུངས་ཨ་”ཞེས་བགམ་ཚོད་ཀྱིས་བཤད་པ་དང་མིག་ལོག་ཅིག་བལྟས་ནས་ཅོག་ཙེར་བསྡད་སོང་། ངས་ཞེ་སྡང་དེ་མ་བཟོད་པར་“པོད་མོ། པོད་མོ། པོད་མོ།”ཞེས་སྐད་ཤུགས་ཆེན་པོས་འུར་བརྒྱབ་པ་ཡིན། སློབ་གྲོགས་ཚོས་ཀྱང་ང་དང་འགྲོགས་ནས་སྐད་ཤུགས་ཇེ་ཆེར་བཏང་བ་དང་འཛིན་དཔོན་གྱིས་ཅི་ཞིག་བཤད་ཀྱང་གོ་མཁན་གཅིག་ཀྱང་མ་བྱུང་པས། ཁོ་དྲག་ཏུ་ཁྲོས་པ་དང་མདུན་གྱིས་སྨྱུག་སྒམ་བླངས་ནས་ངའི་ཕྱོགས་ལ་ཤུགས་ཀྱིས་གཡུག་བྱུང་། ངས་མགོ་བོ་གཟུར་ཙམ་བྱས་པས་སྨྱུག་སྒམ་གྱང་ངོས་ལ་བརྒྱབ་ནས་སྨྱུ་གུ་ སོགས་ཕྱོགས་སོ་སོར་འཐོར་སོང་། སློབ་ཁང་ཁུ་སིམ་སིམ་དུ་གྱུར་བ་དང་སློབ་མ་ཚོས་དབུགས་ལེན་གྱིན་ཡོད་མེད་ཀྱང་ཐེ་ཚོམ་ཡིན། ལོ་གསར་བའི་སློབ་མགོ་བརྩམས་དུས་འཛིན་དཔོན་ཕྱག་རྡོར་སློབ་གྲྭར་མ་ཞུགས་པ་དང་མག་པར་བུད་སོང་བའི་སྐད་ཆ་དེ་ཡང་བདེན་དཔང་གི་ཚུལ་དུ་སློབ་གྲྭར་ཁྱབ་སོང་། “ཨ་ཁ་ཁ། འགྱོད་བཤགས་ཙམ་ཡང་་་་”ངའི་སེམས་ན་ཁོར་ཅི་ཞིག་ཆད་ཡོད་པའི་ཚོར་བ་ཞིག་ཡོད། དེ་འགྱོད་བཤགས་ཀྱི་ཚིག་གཅིག་པོ་དེ་ཡིན།

ང་ཚོ་སློབ་ཆུང་དང་བྲལ་ཁ་མར་དྲན་རྟེན་འདྲ་པར་ལེན་སྲོལ་ཡོད། སྐབས་དེར་ཚེ་རིང་སྒྲོལ་མ་ཞེས་པའི་སློབ་གྲོགས་ཤིག་གི་ནང་མི་ལྷ་ས་ན་ཡོད་པས་མོར་པོད་ལྭ་(ཡུལ་སྐད་ལ་ལྷ་སའི་ལྭ་བར་གོ)ཡང་འགའ་ཤས་ཡོད། ང་ཚོས་མོའི་པོད་ལྭ་གཡར་ནས་རེས་མོས་ཀྱིས་པར་བླངས་པ་ཡིན། སྐབས་དེར་མོ་ཡོང་ནས་གོན་རོགས་མ་བྱས་ཚེ་ང་ཚོས་འོག་འཇུག་གི་མགོ་རྟིང་གི་ཁྱད་པར་ཙམ་ཡང་མི་ཤེས། ང་ལ་ཕྱིར་རྟིང་ཅུང་མཐོ་བའི་ལྷམ་ཞིག་ཡོད། དེ་དང་ཚེ་རིང་སྒྲོལ་མའི་པོད་ལྭ་གཉིས་ནི་ཆ་འགྲིག་ཏུ་སྒྲིག་ནས་བུ་མོ་རེ་རེ་བཞིན་པར་བའི་མདུན་དུ་ལངས་པ་ཡིན། སྐབས་དེར་ང་ཚོས་གནམ་འོག་གི་གོན་པ་ཡག་ཤོས་དང་སྙིང་རྗེ་ཤོས་དེ་གོན་ཡོད་བསམ་མྱོང་ལ། ཕྱིར་སྡེ་བར་སོང་ནས་པར་དེ་དག་ངོམ་སོ་ཆེན་པོས་ན་མཉམ་ཚོར་བསྟན་པ་ཡིན། ལོ་དེར་ཨ་དགའ་མགོན་པོ་ཚེ་རིང་གིས་ང་ལ་ཤ་ཚ་བའི་སྐད་ཆ་གཅིག་བཤད་པ་ནི། “ལྷམ་མགོ་ཕྱིར་རྟིང་མཐོན་པོ་ད་ལྟ་ནས་གོན་མི་ཉན། བྱིས་པ་ཡིན་དུས་དེ་ཅན་པོ་གོན་ན་གཟུགས་པོ་སྒུར་འགྲོ་བ་རེད་”ཅེས་བཤད་པ་ནས་ངས་ལྷམ་མགོ་དེ་སྒམ་ནང་ལ་བཅུག་པ་ཡིན་མོད་སེམས་ནས་རྩ་ཆེ་ཤོས་ཀྱི་གོན་པར་རྩིས་མྱོང་།

སྐྲ་ལོ་བཏུབ་ཡོད་པའི་པར་འདི་ནི་ང་ཕ་ཡུལ་དང་ཁ་བྲལ་ཁར་བླངས་པ་ཡིན། སྐབས་དེར་ང་རྒྱ་གར་དུ་འགྲོ་བའི་ཆོད་སེམས་ལ་སུས་ཀྱང་འགོག་ཐབས་མེད། ངས་འཁྱག་ཞོ་དང་ཉི་འབྲུ་ཉོས་ཏེ་ཉལ་ཁང་གཅིག་གི་སློབ་གྲོགས་ཚོར་བྲལ་སྟོན་བཤམས་པ་ཡིན། སྐབས་དེར་ཁོ་མོ་ཚོས་ངུས་སོང་མོད་ང་ངུས་མེད། ངའི་སེམས་ལ་དོན་དག་གཅིག་ལྷག་ཡོད་པ་ནི་གྲོགས་མོ་ཡག་ཤོས་ཀུན་བཟང་སྐྱིད་ལ་ཐུག་མེད་པ་དེ་རེད། སྐབས་དེར་མོ་བླ་བྲང་ན་ཡོད། ང་སློབ་གྲྭའི་ཚོང་ཁང་དུ་སོང་ནས་སྤྱི་སྤྱོད་ཁ་པར་བརྒྱུད་ཁོ་མོར་ཆེས་མཐའ་མའི་བདེ་མོ་བཞག་པ་ཡིན།

“ཀུན་བཟང་། ང་འགྲོ་གི་ཡོད། འཇིག་རྟེན་ནས་ང་གསོན་ནས་བསྡད་ན་འུ་གཉིས་ཡང་བསྐྱར་ངོ་ཐུག”ཅེས་བཤད་པ་ཡིན།

“ཁྱོད་གང་ལ་འགྲོ་རྒྱུ་་་”

“ང་་་་”ངའི་མགྲིན་པ་བརྣངས་ནས་ངག་མ་འཁྲོལ། མིག་ནས་མཆི་མ་དབང་མེད་བཞུར་སོང་།

དེ་ལྟར་ང་ལམ་ལ་ཆས་ནས་ཡོང་བ་ཡིན། ས་མཐའ་ནས་ངས་ཀུན་བཟང་ཧ་ཅང་དྲན་མྱོང་ལ། མོས་ང་ལ་སྤུན་སྲིང་ལྟར་གཅེས་མྱོང་བ་དང་གཏན་ནས་བརྗེད་ཐབས་མེད་པ་མ་ཟད། “བླ་རངས་དགོན་པ་”ཞེས་སྐྱེས་པ་ཞིག་གི་ཚུགས་ཀ་སྟོན་ནས་རང་སེམས་ངོ་མ་བོ་ང་ལ་བསྟན་པ་དེ་རིང་ད་དུང་ཡང་ངའི་མིག་ལམ་ན་གསལ་བར་སྣང་།

2024-09-12 གསལ་ལེ་རྒྱལ།
2024-08-24 ཤེད་བུ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།